༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ཆོས་འབྲེལ་གནང་རྒྱུ།
2016.05.30
༧གོང་ས་མཆོག་གིས་བཞུགས་སྒར་དུ་ཉིན་གྲངས་གསུམ་རིང་གཞོན་སྐྱེས་ཚོར་ཆོས་འབྲེལ་གནང་རྗེས་ཨ་མི་རི་ཀར་ཕེབས་རྒྱུ་ཡིན་པ།
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་སུ་མཛད་འཆར་བཏོན་གནང་བའི་ནང་། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་དྲུག་པའི་ཚེས་༡་སྟེ་གཟའ་ལྷག་པ་ནས་བཟུང་ཉིན་གྲངས་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ལ་འབྲོམ་སྟོན་པས་མཛད་པའི་རང་རྒྱུད་སྐུལ་མ་བདེ་བ་བདེ་པའི་ལྗོན་ཤིང་ཞེས་པའི་ཐོག་བཀའ་འཁྲིད་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་དྲུག་པའི་ཚེས་བདུན་ནས་ཚེས་དགུ་བར་སླར་ཡང་གཙུག་ལག་ཁང་དུ། རྒྱ་གར་གྱི་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱོད་མཇུག་ཆེན་མོའི་ཆོས་འབྲེལ་རྩལ་གནང་གི་ཡོད་པ་རེད།
ཡང་མཛད་འཆར་གཞིར་བཟུང་ལྟར་ན། བཞུགས་སྒར་ཁུལ་ཆོས་འབྲེལ་བསྐྱངས་གནང་གྲུབ་པའི་རྗེས་སུ་འདི་ཚེས་བཅུ་གཉིས་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཚེས་བཅུ་གཉིས་ཉིན་ཞབས་སོར་འཁོད་གནང་གིས་ཚེས་༡༣་ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གསོལ་འདེབས་ཞུས་པ་ལྟར། ཕྱི་ནང་མང་ཚོགས་ལ་དེང་དུས་འཛམ་གླིང་ནང་ཞི་བདེའི་འཚོ་བ་སྐྱེལ་སྟངས་ཇི་དགེ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་མ་ཟད་ཚེས་བཅུ་བཞི་བར་མཛད་འཆར་ཁག་ཅིག་བསྐྱོངས་གནང་མཛད་ཀྱི་ཡོད་འདུག དེ་ནས་ཚེས་༡༨་དང་༡༩་ཉིན་གཉིས་རིང་ཀ་ལི་ཕོ་ནི་ཡའི་མངའ་སྡེའི་ནང་ཝེཏ་ནམ་གྱི་ནང་པའི་དགོན་པ་ཞིག་ནང་གསུང་བཤད་དང་ཆོས་འབྲེལ་གནང་གི་ཡོད་འདུག
རིམ་བཞིན་ཡུ་དྲ་མངའ་སྡེའི་གྲོང་ཁྱེར་སོལ་ལེཀ་དང་ཀོ་ལོ་ར་ཀྲོ་། ཨིན་དྲི་ཡ་ན་སོགས་མངའ་སྡེ་ཁག་ཅིག་ནང་ཆོས་འབྲེལ་དང་མང་ཚོགས་ལ་གསུང་བཤད། ཁུལ་དེ་དག་གི་ནང་གནས་སྡོད་བོད་རིགས་ཚོར་མཇལ་ཁ་དང་བཀའ་སློབ་བཅས་ཀྱི་མཛད་འཆར་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།