༧གོང་ས་མཆོག་གིས་འབུམ་སྡེ་ལར་ཆོས་འབྲེལ་གནང་བཞིན་འདུག
2017.04.05
བྱམས་བརྩེས་ཕོང་ཤིང་ཁོང་ཁྲོས་ཁེངས་བསྡད་པ་ཡིན་ན་ཉེ་འཁོར་གྱི་གྲོགས་རྣམས་ཀྱང་བློ་ཐག་རིང་དུ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་རེད་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་འབུམ་སྡེ་ལར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་གནང་མཛད་ཡོད་པ་རེད།
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་ལྔ་རེས་གཟའ་ལྷག་པའི་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འབུམ་སྡེ་ལ་ས་གནས་སུ་ཆགས་པའི་སྟོན་པའི་སྐྱེད་མོས་ཚལ་དུ་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་ཡོད་པ་དང་། སྐབས་དེར་གནམ་གཤིས་སྡུག་པོ་ཡོད་མིན་ལ་མ་བལྟོས་བར་ས་གནས་ཀྱི་བོད་མི་གཙོ་བྱས་པའི་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོ་༧གོང་ས་མཆོག་གི་བཀའ་དབང་གནང་སར་ཕེབས་ཡོད་འདུག
བཀའ་དབང་གི་སྔོན་འགྲོའི་ཆོས་བཤད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་འཛམ་གླིང་འདིའིོ་སྟེང་དུ་ཕལ་ཆེར་ལོ་ངོ་སྟོང་ཕྲག་བཞིའི་མཚམས་ནས་མི་ལ་དཀའ་ངལ་འཕྲད་པའི་སྐབས་སེམས་རྟེན་ས་དང་འཇོག་ས་ཞིག་དོན་གཉེར་བྱས་ཡོད་པ་རེད། དཔེར་ན། གནའ་རབས་སུ་མི་ཚོས་སེམས་འཇོག་ས་ལྟ་བུར་ཉི་མ་དང་ཟླ་བར་སྐྱབས་སུ་བཟུང་ནས་དེ་ནས་རིམ་པས་དད་པ་ཙམ་མ་ཡིན་པར་ཆོས་ལུགས་ཀྱི་ལྟ་གྲུབ་དེ་འདྲ་དར་ནས་བྱུང་བ་རེད། འཛམ་གླིང་དེའི་སྟེང་གི་ཆོས་བརྒྱུད་དར་སྔ་ཤོས་དེ་ཕལ་ཆེར་རྒྱ་གར་ནང་ཡིན་པ་དང་། རྒྱ་གར་ལ་མཚོན་ན། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་པ་ལྟ་བུ་ཡིན་ཞིང་། དེར་བརྟེན་རྒྱ་གར་ནང་ཆོས་ལུགས་རིས་སུ་མ་ཕྱེ་བ་ཚང་མ་ཐུགས་མཐུན་མཉམ་གནས་བྱས་ནས་བསྡད་ཡོད་པ་དེ་ནི་འཛམ་གླིང་ལ་མིག་དཔེ་འོས་པ་ཞིག་ཆགས་ཡོད་པ་དེ་ཡག་པོ་རེད། ད་དུང་ཡིན་ནའང་རྒྱ་གར་གྱི་གནའ་རབས་ནས་གནས་པའི་ཆོས་བརྒྱུད་རིས་སུ་མ་ཕྱེ་བ་ཚང་མ་མཐུན་པོ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ལྟ་གྲུབ་ནི་འགྲོ་བ་མི་ལ་བྱམས་བརྩེ་བསྐྲུན་རྒྱུ་དེ་ཡིན་ལ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ཡང་བྱམས་བརྩེ་ཆགས་ཡོད་པ་རེད། མི་ཚེའི་ནང་ལ་ཇི་ཙམ་གྱི་བྱམས་བརྩེ་ཆེ་བ་ཡོད་པ་དེ་རྩིས་ཀྱིས་སོ་སོའི་དགའ་ཉེ་སོགས་བྱམས་བརྩེ་ལྡན་པ་ཡོང་རྒྱུ་ཡིན་ཞིང་། གལ་ཏེ་སེམས་ནང་བྱམས་བརྩེས་ཕོང་ཤིང་ཁོང་ཁྲོས་ཁེངས་པ་ཞིག་ཡིན་ན་ཉེ་འཁོར་གྱི་གྲོགས་རྣམས་ཀྱང་རང་དང་བློ་ཐག་རིང་དུ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་ཡིན་པས་ གྲོགས་པོས་བསྐོར་ནས་སྡོད་རྒྱུ་ཁག་པོ་རེད། ཅེས་བཀའ་སློབ་སྩལ་གྲུབ་པའི་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་དངོས་གཞི་དབུ་ཚུགས་མཛད་ཡོད་པ་རེད།
༧གོང་ས་མཆོག་གི་ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གིས་གསུང་པ་གཞིགས་ན། སྟོན་པའི་སྐྱེད་མོས་ཚལ་གྱི་གསུང་ཆོས་ར་བར་ཆོས་ཞུས་བ་ཤོང་ཚད་ ༢༥༠༠༠ ཡིན་ནའང་ཆོས་ཞུ་བ་བཅར་མཁན་མང་ཚོགས་༥༠༠༠༠ ལ་ཕྱག་འཁྱེར་ཕུལ་ཡོད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་འབུམ་སྡེ་ལའི་ཆིབས་བསྒྱུར་འདི་ནི་ཐེངས་བདུན་པ་དེ་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་༧སྐུ་འཁོར་དང་བཅས་པ་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་རྟ་དབང་དང་འབུམ་སྡེ་ལ་བརྒྱུད་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན་དང་། གུ་རུ་ཆོས་སྐྱིད། ལྕགས་མོ་འཚོ།