སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་ཡོང་བར་གཞན་ཕན་གྱི་བསམ་བློ་དགོས། ༧གོང་ས་མཆོག་གིས།
2020.10.02
རྒྱ་ནག་ནང་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མེད་པར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུ་ཞིག་འཚོགས་ཐུབ་ན་ངོས་ཀྱང་དེ་ལ་བསླེབ་ཐུབ་ངེས་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་སོང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཐེ་ཝན་གྱི་རྒྱ་རིགས་དད་ལྡན་པ་དང་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་སོགས་ནས་གསོལ་བ་བཏབ་པ་བཞིན། རྗེ་ཙོང་ཁ་པ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ་དང་། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པའི་བཀའ་ཆོས་ཉི་མ་གསུམ་རིང་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་ཐད་གཏོང་གནང་གི་ཡོད་པ། སྤྱི་ཟླ་༡༠པའི་ཚེས་༢ཉིན་ནས་འགོ་འཛུགས་གནང་སྐབས། རྒྱ་ནག་ནི་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་ཞིག་ཆགས་ཡོད་པ་དང་། དེང་སང་དངོས་ཡོད་གནས་ཚུལ་ལའང་ནང་ཆོས་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བསྡད་ཡོད་ཅིང་། མ་འོངས་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མེད་པར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུ་ཞིག་རྒྱ་ནག་ཏུ་འཚོགས་ཐུབ་ན། ངོས་ལའང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མིང་ཞིག་ཡོད་པས། ངོས་ཀྱང་དེ་ལ་བསླེབ་ཐུབ་རྒྱུ་རེད་ཅེས་བཀའ་གནང་གི་འདུག
ད་དུང་བར་སྐབས་ནས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོའི་ནང་འབྲེལ་བ་ཕར་ཚུར་ཤུགས་ཆེ་རུ་འགྲོ་བསྡད་ཡོད་པས། ཁྱེད་ཚོས་གང་ཐུབ་ཀྱིས་ཐེ་ཝན་གཅིག་པུ་ལ་བསམ་བློ་བཏང་ནས་མ་བསྡད་པར། རྒྱ་མི་རིགས་གཅིག་གྱུར་དང་ཆོས་དང་རིག་གཞུང་གི་ཐོག་ནས་ཀྱང་གང་ལྟར་རྒྱ་ནག་གི་རིག་གཞུང་ཆགས་ཡོད་པར་བརྟེན། རྒྱ་ནག་སྐམ་ས་ཆེན་པོ་ལ་འབྲེལ་བ་ཤུགས་ཆེ་གནང་དགོས་པའི་བཀའ་གནང་གི་འདུག་པ་མ་ཟད། ཐེ་ཝན་གྱི་མཆེད་གྲོགས་ཚོས་རྒྱ་ནག་ནང་རྒྱ་ནག་རང་གི་རིག་གཞུང་བསྐྱར་གསོ་དང་འབྲེལ། ནང་ཆོས་ཀྱི་ལྟ་གྲུབ་བཅས་ཀྱི་ཐོག་ཏུའང་ཕན་ཐོགས་སྒྲུབ་ཐུབ་ངེས་རེད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱ་ནག་ནི་སྤྱི་ཚོགས་རིང་ལུགས་ཡིན་ཟེར་གྱི་ཡོད་ལ་ངོས་ཀྱང་སྤྱི་ཚོགས་རིང་ལུགས་ལ་དགའ་བོ་ཡོད་དེ། སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་ཡོང་བར་གཞན་ཕན་གྱི་བསམ་བློ་དགོས་པ་རེད་ཅེས་དང་། འཛམ་གླིང་འདིར་འགོ་ཁྲིད་ཚོ་ནས་བཟུང་དམངས་ཕལ་བ་ཚུན་ཆད་མ་སྐྱིད་པ་སོགས་ཡོང་བཞིན་པ་ནི། སེམས་ཁམས་རིག་པ་མ་ཤེས་པ་དང་བདེ་སྐྱིད་ནང་སེམས་ནས་སྒྲུབ་དགོས་པ་མ་ཤེས་པར་ཡོང་གི་ཡོད་པས། ལུས་ཀྱི་འཕྲོད་བསྟེན་གལ་ཆེན་གྱི་ཐོག་སེམས་ཀྱི་འཕྲོད་བསྟེན་ཀྱང་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་པ་རེད།
ཐེ་ཝན་གྱི་རྒྱ་རིགས་དད་ལྡན་པ་ཚོར་༧གོང་ས་མཆོག་གི་གསུང་ཆོས་ཉིན་དང་པོ་དེར། དྲ་ཐོག་ཏུ་གསུང་ཆོས་མཇལ་མཁན་སུམ་འབུམ་སུམ་ཁྲི་བཞི་སྟོང་ལྷག་ཡོང་ཡོད་པ་དང་། ཐེ་ཝན་ཏུའང་ཐེ་པེ་གཙོས་པའི་ས་གནས་ཁག་གཉིས་ཀྱི་ནང་། སེར་སྐྱ་མི་མང་ཚོགས་ཁང་ཁག་གཉིས་ཀྱི་ནང་འཛོམས་ཡོད་པ་རེད། གསུང་ཆོས་གནང་བ་དེ་དབྱིན་ཇི་དང་། རྒྱ་གར། བལ་ཡུལ། རྒྱ་ནག ཧྥ་རན་སི། ར་ཤེ་ཡ། སི་པེན། ཝེ་ཏི་ནམ། ཉི་ཧོང་། སོག་པོ། ཀོ་རི་ཡ། འཇར་མན། པོར་ཇུ་གྷལ། ཨི་ཊ་ལི་བཅས་ཀྱི་སྐད་རིགས་ནང་ཐད་བསྒྱུར་གྱིས་གཏོང་གནང་གི་ཡོད་པ་རེད།