དད་པ་ཁོ་ནས་མི་འགྲིག་པར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་གལ་ཆེ། ༧གོང་ས་མཆོག་གིས།

2021.05.26
དད་པ་ཁོ་ནས་མི་འགྲིག་པར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་གལ་ཆེ། ༧གོང་ས་མཆོག་གིས། ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་ཉིན་༧གོང་ས་མཆོག་གིས་བཀའ་ཆོས་བསྩལ་སྐབས། ༥།༢༦།༢༡
OHHDL

ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་ཉིན་༧གོང་ས་མཆོག་གིས་བཀའ་ཆོས་བསྩལ་སྐབས་ཆོས་ཞུ་བ་སོག་རིགས་ཚོར་སོག་པོ་ཚོས་རིགས་ལམ་ལ་སློབ་གཉེར་གནང་ན་སོག་པོའི་རིག་གཞུང་ཡུན་རིང་གནས་ཐུབ་པ་བཀའ་སྩལ་སོང་།
ས་ག་ཟླ་བའི་ཚེས་བཅོ་ལྔ་སྤྱི་ཟླ་༥་པའི་ཚེས་༢༦་ཉིན་གྱི་དུས་ཚེས་ཁྱད་པར་ཅན་དང་བསྟུན། སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དུར་ནང་གི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་དང་། འབྲས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་བཅས་ནས་གསོལ་བ་བཏབ་པ་ལྟར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། ༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་ཡོད་ཅིང་། ཐོག་མར་༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་སེར་སྐྱ་ཕོ་མོ་ཚོར་བཀའ་སློབ་ལམ་སྟོན་གནང་སྐབས། སོག་པོ་ཚོས་ནང་ཆོས་ལ་ཐོས་བསམ་སློབ་གཉེར་གནང་གལ་ཆེ་བ་དང་། སློབ་གྲྭ་ཁག་ཏུའང་དམིགས་བསལ་ཆོས་དང་མ་འབྲེལ་བའི་རིགས་ལམ་སློབ་གཉེར་ཚུགས་ཐུབ་ན། སོག་པོའི་རིག་གཞུང་གཏིང་ཟབ་དེ་ཡུན་རིང་གནས་ཐུབ་པར་བཀའ་གནང་ཡོད།
གཞན་ཡང་༧གོང་ས་མཆོག་ནས་དྲ་ཐོག་ཏུ་ཕེབས་པ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་ཆོས་རྗེ་རྣམ་པ། སོག་པོའི་དགའ་ལྡན་དགོན་པའི་མཁན་པོ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བླ་སྤྲུལ་ཆེ་ཁག་བཅས་སུ། ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་གྲུབ་པ་དང་བསྟུན། ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་དང་འབྲེལ་ནས་སེམས་བསྐྱེད་ཀྱི་ཆོ་ག་ཞིག་གསུང་བ་དང་འབྲེལ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བལ་ཡུལ་དང་མོན། ལ་དྭགས་སོགས་ཀྱི་ཡུལ་མི་ཚོས་ནད་ཡམས་ཀྱི་ཉེར་འཚེ་ཞི་བར། སྒྲོལ་མའི་གཟུངས་སྔགས་ཡི་གེ་བཅུ་བ་གང་མང་བགྲང་ཐུབ་ན། ནད་ཡམས་དེ་ཤུལ་མེད་འགྲོ་བའི་རེ་བ་བརྒྱག་ས་ཞིག་འདུག་ཅེས་བཀའ་གནང་ཡོད།
ད་དུང་༧གོང་ས་མཆོག་གིས། བླ་མས་གང་གསུང་པ་དེ་ཇི་མཛད་ལེགས་མཐོང་གི་སྟེང་འགྲོ་བཞིན་པ་དེར་ཏོག་ཙམ་ཐལ་ཆ་ཡོད་པ་སྟེ། བླ་མའི་གསུང་ལ་བརྟག་དཔྱད་ཀྱི་ཐོབ་ཐང་ཡོད་པས་ཇི་མཛད་ལེགས་མཐོང་ཐལ་དྲགས་ན་ཡག་པོ་ཡོད་པ་མ་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནི། སོ་སོའི་མ་འོངས་པའི་བདེ་སྡུག་དེ་སོ་སོ་རང་གི་ལག་ཏུ་ཡོད་པ་ཞིག་གསུང་གི་ཡོད། ཐ་ན་སྲོག་ཆགས་གྲོག་མ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། མིས་ནི་བསམ་བློ་མང་པོ་ཞིག་འཁོར་ཐུབ་ཀྱི་ཡོད་པས་སོ་སོ་སེམས་སྐྱིད་མ་སྐྱིད་དེ་ཡང་བསམ་བློའི་ཐོག་ནས་ཡོང་བསྡད་པ་དང་། མི་ལ་ཕན་གནོད་ཡོང་བ་དེ་ཡང་གཙོ་བོ་བསམ་བློའི་ཐོག་ནས་ཇི་ཙམ་སེམས་མ་དུལ་བ་ཙམ་གྱིས། གཞན་ལ་ཡང་གནོད་ཡོང་བ་ཞིག་དང་། སེམས་དུལ་བ་བྱུང་ན་གཞན་ལ་ཡང་ཕན་ཡོང་བ་ཞིག་ཡིན་པར་བརྟེན། སེམས་དུལ་ན་བདེ་སྐྱིད་དང་སེམས་མ་དུལ་ན་སྡུག་བསྔལ་གསུང་གི་ཡོད་ཅིང་། སེམས་དུལ་བའི་ཐབས་ལམ་དེ་ཆོས་ལུགས་ཚང་མས་གསུང་གི་ཡོད་པ་དང་། འདིར་སངས་རྒྱས་པའི་ཆོས་ནས་སེམས་འདུལ་ཐབས་ནི་སྨོན་ལམ་བརྒྱབ་ནས་ཡོང་བ་ཞིག་མིན་པར། སོ་སོས་བསམ་བློ་བཏང་ནས་སེམས་མ་ཞི་བ་ཞི་བ་དང་མ་དུལ་བ་དུལ་བར་བྱེད་དགོས་པ་རེད་ཅེས་བཀའ་གནང་གི་འདུག་ཅིང་། ནང་པ་ཚོས་ས་ག་ཟླ་བའི་ནང་དགེ་སྡིག་གང་བྱས་འབུམ་འགྱུར་དུ་འཕེལ་བར་ཡིད་ཆེས་གནང་སྲོལ་ཡོད་པ་མ་ཟད། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སྟོན་པ་ཤཱཀྱ་མུ་ནེ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཁྱད་པར་ཅན་ལ་བརྟེན། ཉི་མ་འདིར་ནང་པའི་རྗེས་འཇུག་པ་ཚོས་ཕྱག་དང་བསྐོར་བ། མ་ཎི་འདོན་པ་དང་ཆོས་ཀློག་པ། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་ཀྱིས་མཚོན། དཀར་པོ་དགེ་བའི་ལས་ལ་ཇི་ཐུབ་ཀྱི་འབད་བརྩོན་གནང་སྲོལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎