༧གོང་ས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་འདུག
སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་མཆོག་བཙན་བྱོལ་བ་ཆགས་པ་ནས་ཧི་མ་ཅཱལ་མངའ་སྡེ་དེ་བཞུགས་གནས་འཕྲོད་པོ་བྱུང་ཡོད་སྐོར་དང་། ལྷག་པར་དུ་མངའ་སྡེ་དེའི་ནང་མི་མང་རྣམས་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་གནས་བཞིན་པ་དེ་ཧ་ཅང་ཡག་པོ་འདུག་ཞེས་བསྔགས་བརྗོད་དང་མཉམ། ང་ཚོ་ཚང་མ་མཉམ་དུ་གནས་དགོས་པར་བརྟེན། ཆོས་ལུགས་ཕན་ཚུན་འཁྲུག་རྩོད་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། འདི་ནི་གནད་དོན་གལ་ཆེན་པོ་རེད་ཅེས་བཀའ་སྩལ་ཡོད་པ་མ་ཟད། མགོན་པོ་མཆོག་གིས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པས་ཆ་ནས་ཆོས་ལུགས་ཚང་མ་ལ་གུས་ཞབས་བྱེད་བཞིན་ཡོད་ལ། ངོས་ཀྱི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་དོན་སྙིང་གཙོ་བོ་དེ་ཡིན་པ་ཡིད་ཆེས་བྱེད་བཞིན་ཡོད་པ་བཀའ་སྩལ་ཡོད་པ་རེད། མཇལ་ཁའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཧི་མ་ཅལ་མངའ་སྡེ་དེ་བཞིན་༧གོང་ས་མཆོག་གི་མངའ་སྡེ་ཞིག་ཡིན་པ་དང་། ད་རེས་ཁོང་རྣམས་གཙོ་བོ་༧གོང་ས་མཆོག་གིས་ཐུགས་སྨོན་དང་བྱིན་རླབས་ཞུ་ཆེད་བཅར་བ་ཞིག་ཡིན་པ་སྙན་སེང་ཞུས་ཡོད་པ་དང་། ༧གོང་ས་མཆོག་གིས་ཀྱང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་འབུལ་གནང་མཛད་ཡོད་པ་རེད།
མཇལ་ཁ་འགྲུབ་མཚམས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས། ངོས་རང་བཞུགས་སྒར་རྡ་རམ་ས་ལར་ག་དུས་སླེབས་པ་ཡིན་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་ཞུ་ཆེད་མཇལ་བཅར་ཞུ་བཞིན་ཡོད། དེ་རིང་སླར་ཡང་ང་རང་རྡ་རམ་ས་ལར་སླེབས་ཞོར་དུ་༧གོང་ས་མཆོག་གི་མཇལ་ཁ་ཞུ་ཆེད་བཅར་བ་ཡིན། ད་རེས་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེ་དེ་བཞིན་མཛེས་སྡུག་ལྡན་པ་ཞིག་དང་རྒྱ་གར་རྒྱལ་ཁབ་ཡང་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཞིག་དང་། ལྷག་པར་དུ་མགོན་པོ་མཆོག་གིས་ཆོས་ལུགས་ཚང་མ་ལ་གུས་ཞབས་དང་རྒྱ་གར་རྒྱལ་ཁབ་ཀྱི་རིག་གཞུང་ནང་གིས་ཆོས་ལུགས་ཚང་མ་ལ་གུས་ཞབས་ཡོད་པ་བཀའ་སྩལ་སོང་ཞེས་གསུངས་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།