རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་ནི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ཡིན། ༧གོང་ས་མཆོག་གིས།

2020.12.15
རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་ནི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ཡིན། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༡༢།༡༥།༢༠
OHHDL

ནང་སེམས་ཞི་བདེ་ཡོང་ཐབས་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་ནི་ཁོང་གི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ཞིག་ཡིན་པ་༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་བཀའ་སྩལ་སོང་།
རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་(IIT)རྒྱ་གར་འཕྲུལ་ལས་ལྟེ་གནས་ཁང་གིས་གོ་སྒྲིག་གཞིར་བཟུང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ། མི་ཚེའི་སྙིང་པོ་ཟེར་བའི་བརྗོད་གཞི་དང་འབྲེལ་སྤྱི་ཟླ་༡༢པའི་ཚེས་༡༥ཉིན། བཞུགས་སྒར་ཕོ་བྲང་ནས་བཀའ་སློབ་དང་ཁོང་ཚོའི་དྲི་བ་ལ་བཀའ་ལན་སྩལ་སྐབས། ནང་སེམས་ལ་ཞི་བདེ་ཡོང་ཐབས་ཀྱི་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་ནི། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ཞིག་ཡིན་པ་བཀའ་གནང་བ་དང་མཉམ། དངོས་ཁམས་རིག་པ་བ་ཚོས་སྣང་བ་ལྟར་དུ་རྩ་བ་ནས་གྲུབ་མེད་པ་དང་། སྣང་ཚུལ་དང་གནས་ཚུལ་གྱི་བར་ཁྱད་པར་ཆེན་པོ་ཡོད་པར་གསུང་གི་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་རེད། བློ་ཉོན་མོངས་ཅན་གྱི་རིགས་ཕལ་ཆེ་བ་སྟེ་ཁོང་ཁྲོ་དང་ཕྲག་དོག ཐལ་དྲགས་པའི་ཆགས་ཞེན་གྱི་རིགས་བཅས་ནི་སྣང་ཚུལ་ལ་བརྟེན་ནས་ཡོང་གི་ཡོད། སྣང་བ་ལ་ཞེན་ནས་སྐྱེས་པའི་ཉོན་མོངས་ཤུགས་དྲགས་ཀྱི་བློ་རྣམས་ཇེ་ཆུང་གཏོང་བར། སྣང་བ་ལྟར་དུ་གཏན་ནས་གྲུབ་མེད་པར་བསམ་བློ་གཏིང་ཟབ་གཏོང་དགོས་པ། རྒྱ་གར་གྱི་གནའ་བོའི་མཚན་ཉིད་རིག་པས་ཀྱང་གཅིག་མཚུངས་སུ་གསུང་གི་ཡོད། དེར་བརྟེན། གཏིང་ཟབ་མོ་དང་རིགས་པ་ཕྲ་མོའི་ལམ་ནས་བློ་ཉོན་མོངས་པ་ལ་ཁ་གཏད་བྱེད་པར། རྒྱ་གར་གྱི་རིག་གཞུང་ཧ་ཅང་ཕན་ཐོགས་ཆེན་པོ་ཡིན་པ་དང་མཚུངས། ཆོས་དང་འབྲེལ་བའི་ཐབས་ལམ་བསྟེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་ངོས་ནས་རྟག་པར་ལུས་ཀྱི་འཕྲོད་བསྟེན་ད་ཆ་འཛམ་གླིང་འདིར་ཡོད་བཞིན་པ་དང་ཡར་རྒྱས་ཆེན་པོ་ཡོད་ཐོག ད་ལྟ་སེམས་ཁམས་བདེ་ཐང་གི་འཕྲོད་བསྟེན་ཐད་རྒྱ་གར་ཁོ་ནའི་རིག་གཞུང་མ་གཏོགས། ཆོས་ལུགས་གཞན་ཚོས་དེ་ཙམ་གསུང་མེད་པ་རེད། ད་ནི་འཛམ་གླིང་འདི་དངོས་གནས་ནང་སེམས་ཀྱི་དཀའ་རྙོག་ཅིག་གི་ནང་ལྷུང་ཡོད་པས། དེ་ལ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་རིག་གཞུང་གིས་ཆོས་དང་མ་འབྲེལ་བར། ཤེས་ཡོན་ཁོ་ནའི་ལམ་ནས་ཕན་ཐོགས་སྒྲུབ་ཐུབ་ངེས་ཤིག་རེད། ངོས་ཀྱི་དམ་བཅའ་གཅིག་ནི་སྙིང་རྗེ་དང་འཚེ་བ་མེད་པ་གཞིར་བཞག་གི་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་དེ་ཡིན་ཞེས་བཀའ་སྩལ་སོང་།
ཡང་༧གོང་ས་མཆོག་གིས་འཛམ་གླིང་སྤྱིའི་ཁོར་ཡུག་ལ་དོ་སྣང་བྱ་གལ་ཆེན་པོ་དང་། ལྷག་པར་བོད་དོན་ཐོག་ཁོང་གི་ཐུགས་བསྐྱེད་དམ་བཅའ་ནི་བོད་ཀྱི་སྐྱེ་ཁམས་དང་རིག་གཞུང་སྲུང་སྐྱོབ་སྐོར་ཡིན་པ་བཀའ་གནང་བ་དང་མཉམ། བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་ལེན་རྒྱུ་ལས་ངོས་རང་བགྲེས་ཡོལ་ཞུས་ཟིན་པ་ཡིན་པས། ང་ཚོ་ལ་མང་གཙོ་དང་འོས་བསྡུའི་ལམ་ནས་འདེམས་ཐོན་གྱི་ཆབ་སྲིད་འགོ་ཁྲིད་ཡོད་བཞིན་པ་རེད། དེར་བརྟེན་ངོས་ཀྱི་འགན་ཁུར་ནི་རྒྱ་གར་ནས་དར་བའི་བོད་ཀྱི་རིག་གཞུང་དང་ཤེས་བྱ་གཅེས་ཉར་བྱ་རྒྱུ་དེ་ཡིན། ནཱ་ལེན་དྲའི་མཁས་པ་ཆེན་པོ་ཚོའི་གསུང་ཉར་ཚགས་ཀྱི་རིན་ཐང་ཡོད་པ་རྣམས་ང་ཚོས་རྒྱུན་འཛིན་བྱས་ཐུབ་ཡོད་ཅིང་། བོད་ཀྱི་སྐད་ཡིག་ནི་ལྟ་གྲུབ་དང་སེམས་ཁམས་རིག་པའི་རྣམ་གཞག་གཏིང་ཟབ་ཡོད་པ་འདི་གྲས་འགྲེལ་བཤད་བརྒྱབ་རྒྱུར། སྐད་ཡིག་ཡག་ཤོས་དེ་ཆགས་ཡོད་ཅེས་བཀའ་སྩལ།
གཞན་ཡང་༧གོང་ས་མཆོག་གིས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དེ་བེད་སྤྱོད་ཡག་པོ་ཡོད་ནའང་། ཚད་ལས་བརྒལ་ན་ཡག་པོ་མེད་པའི་ཐད། ངོས་ནས་བསམ་ན་ཚན་རིག་དང་འཕྲུལ་ལས་ཚུད་པའི་དངོས་པོའི་ཡར་རྒྱས་དེ་བེད་སྤྱོད་ཡག་པོ་རེད་དེ། ཚད་ལས་བརྒལ་མི་ཉན་པ་རེད། སྐབས་རེར་ཆེད་ལས་པ་ཚོས་ཆེད་ལས་གཅིག་ཁོ་ན་མ་གཏོགས་བསམ་བློ་གཏོང་གི་མེད། དེ་ཚོས་ཟུར་ཕོག་ཅི་འབྱུང་གི་ཐོག་ལ་བསམ་བློ་དེ་ཙམ་གཏོང་གི་མེད་པ་རེད། དེའི་རིགས་ལ་ང་ཚོས་ཕྱོགས་ཚང་མ་མཐོང་བའི་ཐོག་ནས་དོ་སྣང་བྱེད་དགོས་པ་རེད་ཅེས་བཀའ་གནང་།
ད་ལོར་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་གྱི་འཕྲུལ་ལས་ལྟེ་གནས་ཁང་གི་འཕྲུལ་ལས་དུས་སྟོན་ཐོག རྒྱ་གར་གྱི་ལུས་རྩལ་བ་གྲགས་ཅན་(Abhinav་Bindra)དང་། ཨ་མི་རི་ཀའི་དངོས་ཁམས་རིག་པ་གྲགས་ཅན་(William Daniel Phillips)ལགས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་སོགས་ཚན་རིག་པ་དང་མཁས་པ། སྤྱི་ཚོགས་དང་དཔལ་འབྱོར་རིག་པ་བ་མང་པོ་ཞིག་གདན་འདྲེན་དང་བཀའ་སློབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎