འགྲོ་བ་མིའི་འཚོ་གནས་ཐད་བྱམས་བརྩེའི་དགོས་མཁོ། ༧གོང་ས་མཆོག་དང་བགྲོ་གླེང་།
ཨེ་མོ་རི་གཙུག་ལག་སློབ་ཆེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མིའི་སྤྱི་ཚོགས་འཚོ་གནས་ཐད་བྱམས་བརྩེའི་དགོས་མཁོ་ཅེས་པའི་བརྗོད་གཞིའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༩ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་༩ ནས་༡༠བར། དྲ་ལམ་བརྒྱུད་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་(Emory University)གི་བྱམས་བརྩེ་གཞི་ལ་བཞག་པའི་སྒོམ་སྒྲུབ་ལྟེ་གནས་ཁང་གི་གོ་སྒྲིག་དང་མདོ་འཛིན་པ་ཨ་རིའི་སི་ཨེན་ཨེན་(CNN)བརྙན་འཕྲིན་ལས་ཁང་གི་སྨན་ལས་ཀྱི་གསར་འགོད་པ་དང་ཀླད་པའི་སྨན་པ་སཱན་ཇཱེ་གུཔྟ་ལགས་ཀྱིས་གཙོ་བོ་མདོ་འཛིན་པ་གནང་སྟེ། འགྲོ་བ་མིའི་འཚོ་གནས་ཆེད་བྱམས་བརྩེའི་དགོས་མཁོ་ཅེས་པའི་བརྗོད་གཞིའི་ཐད་བགྲོ་གླེང་གྱི་ལས་རིམ་ཞིག་ཐད་གཏོང་ཞུ་རྒྱུ་ཡིན་འདུག
མདོ་འཛིན་གཞན་ཞིག་ནི་རོབ་དང་མེ་ལ་ནི་ཝལ་ཊན་དགེ་རྩ་ཚོགས་པའི་(Rob and Melani Walton Foundation)ལྕམ་མེ་ལཱེན་ཝཱ་ཌོན་(Melani Walton)ཡིན་པ་རེད།
ཡང་ཕྱི་ཟླ་ ༡༢ ཚེས་༡༠ བོད་ཟླ་ ༡༠ ཚེས་ ༢༥ སྟེ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དགའ་ལྡན་ལྔ་མཆོད་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་སྔ་དྲོའི་ཆུ་ཚོད་༩ ནས་ ༡༠ བར་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཚེས་༡༥ཉིན་གྱི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩པ་ནས་ ༡༠ བར། རྒྱ་གར་མུམ་བྷཡི་གྲོང་ཁྱེར་ནང་གི་ཚན་འཕྲུལ་སློབ་གཉེར་ཁང་གི་དགེ་སློབ་ཚོར་སློབ་གསོ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་རྩལ་གནང་མཛད་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་རྒྱུར་གྱི་མཛད་འཆར་ནང་གསལ་འདུག
འདས་པའི་ཟླ་བ་དགུ་ཙམ་གྱི་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་དུས་ཡུན་དེའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱའི་ཐོག་ཆོས་འབྲེལ་གསུང་ཆོས་དང་། ཁོར་ཡུག་དང་སྤྱི་ཚོགས་ནང་གཞན་ཕན་གོང་མཐོར་གཏོང་ཐབས་བྱེད་མཁན་གྱི་ཚོགས་སྡེ་འདྲ་མིན། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན། ན་གཞོན་འགོ་ཁྲིད་གསོ་སྐྱོང་། ཉེན་རྟོག་པས་སྤྱི་ཚོགས་ལ་འགན་འཁུར་བླངས་ཕྱོགས། ཚན་རིག་པ་ཚོས་འཇིག་རྟེན་བདེ་སྐྱིད་སླད་ཞབས་འདེགས་ཞུ་ཕྱོགས་སོགས་བརྗོད་གཞི་ཧ་ཅང་མང་པོ་ཞིག་གི་ཐོག་བཀའ་སློབ་གསུང་བཤད་དང་བགྲོ་གླེང་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།