བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྲིད་སྐྱོང་མཆོག་གཙོས་བཀའ་བློན་རྣམ་པར་མཇལ་ཁ་དང་བཀའ་སློབ་བསྩལ་འདུག

བཙན་བྱོལ་བོད་མི་ཚོས་ཆབ་སྲིད་ཀྱི་སྐད་འབོད་གཅིག་པུ་མིན་པར་བོད་ཀྱི་རིག་གཞུང་གི་ཐོག་ཞབས་འདེགས་སྒྲུབ་ཐུབ་ན་བོད་མི་རིགས་ལ་ཕན་ཐོགས་ཡོད་པ་༧གོང་ས་མཆོག་གིས་སྲིད་སྐྱོང་དང་བཀའ་བློན་རྣམ་པར་བཀའ་བསྩལ་སོང་།
བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས། སྤྱི་ཟླ་༡༡་ཚེས་༡༩་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྐབས་༡༦་པའི་བཀའ་ཤག་གི་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་དང་། བཀའ་བློན་རྒྱ་རི་སྒྲོལ་མ་ལགས། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་བཅས་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་དུ་ཡོང་བ་ནི་སྲིད་དོན་གྱི་སྐད་ཆ་གཅིག་པུ་མིན་པར། བོད་ཀྱི་རིག་གཞུང་སྐད་ཡིག་དག་ནི་བོད་པའི་རྣམ་པ་མཚོན་པ་ཐུན་མོང་མ་ཡིན་པ་དེ་རེད་ལ། དོན་ངོ་མའི་ཆ་ནས་ཀྱང་དེང་སང་གི་འཛམ་གླིང་འདིར། ནང་པའི་སེམས་ཁམས་དང་ལྟ་གྲུབ་སྐོར་ལ་འགྲེལ་བཤད་རྒྱག་དགོས་ན། བོད་སྐད་དེ་ཡག་ཤོས་ཆགས་ཡོད་པ་དང་། བཙན་བྱོལ་བོད་མི་ཚོས་ཆབ་སྲིད་ཀྱི་སྐད་འབོད་གཅིག་པུ་མིན་པར། བོད་ཀྱི་རིག་གཞུང་གི་ཐོག་ཞབས་འདེགས་སྒྲུབ་ཐུབ་ན། བོད་མི་རིགས་ལ་ཕན་ཐོགས་ཡོད་ཅེས་དང་། བོད་ཆོལ་གསུམ་ཡོངས་སུ་རྫོགས་པ་བོད་ཀྱི་སྐད་ཡིག་དང་། བཀའ་འགྱུར་བསྟན་འགྱུར་གྱི་རིག་གཞུང་དེའི་ཐོག་ནས་བོད་ཆོལ་གསུམ་གྱི་མི་རིགས་ཚང་མ་སེམས་ཤུགས་སྒྲིལ་བསྡད་པ་དང་། ནང་ཆོས་ཀྱི་དད་པ་དང་ཡིད་ཆེས་ལ་བརྟེན་ནས་ང་ལ་དགའ་མོས་བྱེད་བཞིན་པར་འགྱུར་བ་རྩ་བ་ནས་མེད་པ་དེས། ཆབ་སྲིད་ཀྱི་ཐོག་ལའང་ཕན་ཐོགས་ཡོད་པ་བཀའ་བསྩལ་ཡོད་པ་རེད།
མཐའ་དོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་བཀའ་བློན་གསར་ཕེབས་ཚོར་གསར་མཇལ་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་རྒྱའི་དཀའ་རྙོག་སེལ་བ་དང་གནད་དོན་གཞན་དག་གང་ལའང་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་གཞིར་བཞག་གིས་ལས་དོན་སྒྲུབ་པའི་དམ་བཅའ་བརྟན་པོ་ཡིན་པ་གསོལ་འདེབས་གནང་གི་འདུག
ཡང་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་སྐད་གསར་འགྱུར་སྙན་སྒྲོན་པ། བོད་རིགས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་བུད་མེད་ས་ཀི་ནཱ་བྷ་ཊི་ལགས་ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཡོད་པར། གོང་གསལ་གྱི་སྐབས་དང་བསྟུན་དམིགས་བསལ་མཇལ་ཁ་གནང་ཡོད་པས། མོ་རང་ཧ་ཅང་དགའ་སྤྲོ་ཆེན་པོ་དང་། བོད་རིགས་ཁ་ཆེ་ཚོས་༧གོང་ས་མཆོག་ནི་རང་གི་རྒྱལ་པོར་བརྩིས་ཏེ། དགའ་ཞེན་ཆེན་པོ་གནང་གི་ཡོད་པ་མ་ཟད། ༧གོང་ས་མཆོག་ནས་ཀྱང་བོད་རིགས་ཁ་ཆེ་ཚོར་དམིགས་བསལ་གཟིགས་སྐྱོང་གནང་བ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བཀའ་ཤག་གསར་པའི་བཀའ་དྲུང་ཡིག་ཚང་གིས་ཟླ་བ་འདིའི་ཕྱི་ཚེས་༡༠་ཉིན་འཁོད་པའི་གསལ་བསྒྲགས་ནང་། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་གྱི་མཛད་ཁུར་གནང་གཏན་འཁེལ་ཡོད་པ་དང་། ཆོས་རིག་ལས་ཁུངས་དང་། ནང་སྲིད། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་གྱི་མཛད་ཁུར་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་ཡིན་པ་གསལ་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།