འཛམ་གླིང་ཞི་བདེ་ཡོང་བར་ངེས་པར་དུ་ནང་སེམས་ཀྱི་ཞི་བདེ་ནས་མགོ་རྩོམ་དགོས། ༧གོང་ས་མཆོག་གིས།

2021.10.21
འཛམ་གླིང་ཞི་བདེ་ཡོང་བར་ངེས་པར་དུ་ནང་སེམས་ཀྱི་ཞི་བདེ་ནས་མགོ་རྩོམ་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡༠།༢༠།༢༡
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་གྲོང་ཁྱེར་(New Jersey)་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་འགོ་ཁྲིད་ནུས་པ་སྐྱེས་སྲིང་གི་སྤྱི་ཚོགས་(The National Society of leadership and Success)་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༢༠་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་དུས་རབས་འགའི་ནང་བྱམས་བརྩེའི་གོང་འཕེལ་གཏོང་རྒྱུའི་ཐད་འཐུས་ཤོར་ཕྱིན་པའི་དབང་གིས། དམག་འཁྲུག་དང་དྲག་སྤྱོད་རིགས་མང་པོ་ཞིག་བྱུང་ཡོད། ཡིན་ན་ཡང་འགྲོ་བ་མི་ཚང་མར་ཞི་བདེ་དགོས་ཀྱི་ཡོད། ཞི་བདེའི་མཐར་ཐུག་གི་འབྱུང་རྩ་ནི་ང་ཚོའི་སེམས་དེ་ཡིན་པས། འཛམ་གླིང་ཞི་བདེ་ཡོང་བར་ངེས་པར་དུ་ནང་སེམས་ཀྱི་ཞི་བདེ་ནས་མགོ་རྩོམ་དགོས་པ་དང་། དེ་ལྟར་ཉམས་ལེན་བྱས་ཚེ། ང་ཚོ་འགྲོ་བ་མི་གཅེན་གཅུང་བར་བྱམས་བརྩེ་ལྡན་པའི་འབྲེལ་བ་བཟང་པོ་ཞིག་བསྐྲུན་ཐུབ་ཅེས་བཀའ་གནང་སོང་།
སྐབས་དེར་གོང་ཞུས་ཚོགས་པ་དེ་ཉིན་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་(Gary Tuerack)་ལགས་ཀྱིས། ང་ཚོ་ཚོགས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་བཟང་སྤྱོད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་གནང་རྒྱུ་དེ་ཡིན་པ་དང་། ངས་དྲི་བ་ཞུ་རྒྱུར། མི་མང་པོ་ཞིག་ལ་ངོས་ཀྱི་ཚོགས་པའི་བརྒྱུད་ནས་འོད་སྟོང་ལྡན་པའི་མདུན་ལམ་ཞིག་ཇི་ལྟར་བསྐྲུན་དགོས་པ་དང་། དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཐབས་སྐོར་བཀའ་སློབ་ལམ་སྟོན་གནང་རོགས་ཞེས་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས། འགྲོ་བ་མིའི་སྤྱི་ཚོགས་དེ་མེད་པ་ཡིན་ན། མི་བྱེ་བྲག་པ་སོ་སོ་འཚོ་གནས་བྱ་མི་ཐུབ། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པའི་ཆ་ནས་རང་ཉིད་ཀྱི་འཚོ་གནས་དེ་ཡང་ཡོངས་སུ་རྫོགས་པ་སྤྱི་ཚོགས་ལ་བརྟེན་ཡོད་པས། སྤྱི་ཚོགས་ནས་རང་ཉིད་ལ་ཡིད་ཆེས་འཕེལ་བར་རང་ཉིད་ལ་ངེས་པར་དུ་བཅོས་མིན་གྱི་མཛའ་བརྩེ་དང་བྱམས་བརྩེ་རང་བཞིན་གྱི་བསམ་བློའི་རིགས་དགོས་གལ་ཆེ་ཞིང་། ལྷག་པར་དུ། འགྲོ་བ་མི་ཚང་མ་སྐྱེས་མ་ཐག་ཏུ་མའི་བྱམས་བརྩེའི་བརྒྱུད་ནས་གསོ་སྐྱོང་བྱས་ཡོད་པས། ཚང་མའི་རྒྱུད་ལ་བྱམས་བརྩེའི་ས་བོན་དེ་ཡོད། དེར་བརྟེན། ང་ཚོས་ངེས་པར་དུ་བྱམས་བརྩེ་དང་ནང་སེམས་ཞི་བདེ་བསྐྲུན་ཐབས་ལ་འབད་དགོས། འོན་ཀྱང་། དེང་གི་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་གལ་གནད་ཐོག་དེ་ཙམ་གྱི་དོ་སྣང་མེད་པར་ཕྱིའི་དངོས་པོ་ཡར་རྒྱས་ལ་དོ་གལ་ཆེ་བར་འཛིན་གྱི་ཡོད་པ་དེས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་ལ། ཇི་ཙམ་གྱི་རང་གཅེས་འཛིན་གྱི་བསམ་བློ་གཏོང་བ་ཡིན་ན། དེའི་རྐྱེན་པས་རང་གི་བསམ་བློ་དེ་ཡང་ཧ་ཅང་གི་གུ་དོག་པོ་ཆགས་ཀྱི་ཡོད་པ་བཀའ་གནང་སོང་།
དེ་བཞིན་(Illinois)་གཙུག་ལག་སློབ་ཆེན་ནང་སློག་གཉེར་གནང་བཞིན་པ་(Faith)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁྱེད་ཉིད་མི་ཚེ་ནང་སྐུ་རླུང་བཞེངས་མྱོང་ཡོད་དམ། གལ་ཏེ་བཞེངས་མྱོང་ཡོད་ན། ཁྱེད་ཉིད་ནས་སྟངས་འཛིན་ཇི་ལྟར་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས། ངོས་རང་ཆུང་དུས་སྐབས་རེར་ཁོང་ཁྲོ་ལངས་པ་སོགས་བྱུང་མྱོང་། འོན་ཀྱང་། ཕྱིས་སུ་རིམ་པས་རང་ཉིད་ཀྱི་སེམས་ལ་སྦྱོང་བརྡར་སྤྲད་བ་དང་། ཁོང་ཁྲོ་ཟེར་བ་དེ་ཕན་ཐོགས་མེད་པ་མྱོང་ཚོར་བྱུང་། སོ་སོར་དཀའ་ངལ་འཕྲད་པའི་སྐབས། རང་བཞིན་གྱིས་ཁོང་ཁྲོ་ཡོང་གི་ཡོད་པ་མ་ཟད། ཁོང་ཁྲོའི་རྐྱེན་པས་དཀའ་ངལ་དེ་ཡང་ཆེ་རུ་འགྲོ་ཉེན་ཡོད། དེར་བརྟེན། དཀའ་ངལ་གང་འདྲ་ཞིག་ཡིན་རུང་། བྱམས་བརྩེ་བརྒྱུད་ནས་སེལ་ཐབས་གནང་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད། ལྷག་པར་དུ་སོ་སོའི་དགྲ་བོའི་བྱ་སྤྱོད་ལ་བརྟེན་ནས་ཁོང་ཁྲོ་ལངས་པ་སོགས་ཡོང་གི་ཡོད་པ་དེར་སྙིང་རྗེ་དང་བཟོད་སྒོམ་ཉམས་ལེན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན་པ་བཀའ་གནང་སོང་།
རྒྱལ་ཡོངས་འགོ་ཁྲིད་ནུས་པ་སྐྱེས་སྲིང་གི་སྤྱི་ཚོགས་(The National Society of leadership and Success)་ཞེས་པ་ནི། སྤྱི་ལོ་༢༠༠༡་ལོར་ཨ་མི་རི་ཀར་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། ཚོགས་པ་དེར་ཡན་ལག་༧༠༠་ལྷག་དང་ཚོགས་མི་ས་ཡ་༡་དང་འབུམ་བཞི་ཙམ་ཡོད་མ་ཟད། ཨ་རིའི་ནང་འགོ་ཁྲིད་དང་འབྲེལ་བའི་སློབ་ཕྲུག་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎