གང་ཐུབ་ཀྱིས་མི་གཞན་ལ་བརྩེ་ཞིང་ཕན་ཐོགས་པ་དང་གནོད་པ་མི་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། ༧གོང་ས་མཆོག་གིས།

2023.06.13

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཏུ་ཥི་ཏཱ་ཆོས་ཚོགས་དང་། སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པ་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༣ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཏུ་ཥི་ཏཱ་ཆོས་ཚོགས་དང་། སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་ལ་ཞུགས་མཁན་རྒྱ་གར་གྱི་ནང་པ་རྣམས་ལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ནས་ཕེབས་པའི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོ་དང་མཇལ་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཕྲུལ་ཆས་ཡར་རྒྱས་ཇི་ཙམ་ཕྱིན་ཡང་མིའི་སེམས་ཀྱི་ཞི་བདེ་དེ་འཕྲུལ་ཆས་ཀྱི་ཐོག་ནས་མེད་པ་བཟོ་ཐུབ་ཡག་ཁག་པོ་དང་། འཕྲུལ་ཆས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་མི་ཐུབ་ཅེས་བཀའ་གནང་ཞིང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བསམ་བློའི་འགྲོ་སྟངས་སྐོར་ལ་དོ་སྣང་ཡོད་མཁན་ཚན་རིག་པ་ཚོས་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་དང་། ད་ལྟའི་དུས་རབས་འདིར་མིའི་བསམ་བློ་གཏོང་སྟངས་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་ཡོང་བའི་གནས་སྐབས་སུ་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་ལ་བཤད་པ་དེ་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་གནང་མཛད་ཡོད་པ་རེད།
མཇལ་ཁར་བཅར་མཁན་གྱི་ཁོངས་ནས་རྒྱ་གར་བའི་ནང་པ་བུད་མེད་ཞིག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་འདིའི་སྟེང་གི་བུད་མེད་ཚོས་བུད་མེད་སྤྱི་ཡོངས་ཀྱི་ནུས་སྟོབས་གོང་སྤེལ་ཆེད་ཀྱི་བྱེད་ཕྱོགས་ཇི་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ཨ་མ་ནི་བརྩེ་བའི་བདག་ཉིད་ཅན་ཡིན་པ་དང་ཕྲུ་གུ་ཚོའི་ངོས་ནས་ཨ་མའི་བྱམས་སྐྱོང་དང་བརྩེ་བ་དེ་གཞན་ལ་རྒྱ་སྐྱེད་གཏོང་ཐབས་སུ་བསམ་བློ་བཏོང་དགོས་པ་དང་། ང་ཚོས་གང་ཐུབ་ཀྱིས་མི་གཞན་ལ་བརྩེ་ཞིང་ཕན་ཐོགས་པ་དང་གནོད་པ་མི་བྱེད་པ་དེ་གལ་ཆེན་པོ་ཡིན་པ་བཀའ་ལན་བསྩལ་འདུག

Meeting with Members of the Youth Buddhist Society of India  (1).jpg
སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པའི་རྒྱལ་སྤྱིའི་འབྲེལ་མཐུད་པ་དང་༧གོང་ས་མཆོག་གི་ཧིན་སྐད་གསུང་སྒྱུར་བ་ཀེ་ལ་ཤ་བྷོདྷ་(Kailash Bodh)་ལགས་སུ། ད་རེས་ཀྱི་ནང་ཆོས་ངོ་སྤྲོད་དེ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར་ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ ནཱ་ལེན་ཌ་ནས་བྱུང་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་དེའི་ཐོག་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་དོན་བཞིན་ད་རེས་ཀྱི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་གསུངས་བྱུང་།
ཏུ་ཥི་ཏཱ་ཆོས་ཚོགས་དང་། སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་དེ་བཞིན་ཧིན་རྡུའི་སྐད་ཀྱི་ཐོག་གནང་པ་ཐེངས་དང་པོ་ཡིན་པ་དང་། ད་རེས་ཀྱི་ཟབ་སྦྱོང་ཐོག་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པརཱ་དེཤ་དང་། ར་ཇེསི་ཐན། མཧྰ རཤ་ཊརཱ། ཧ་རི་ཡ་ན་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་ནས་ཁྱོན་མི་གྲངས་༡༢༥དང་ཏུ་ཥི་ཏཱ་ཆོས་ཚོགས་ཀྱི་ཚོགས་མི་༢༩མཉམ་ཞུགས་གནང་ཡོད་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎