འགྲོ་བ་མི་ཐེར་འབུམ་བདུན་པོའི་བདེ་སྡུག་གཅིག་གྱུར་ཡིན་པའི་ངོས་འཛིན་གནང་དགོས། ༧གོང་ས་མཆོག་གིས།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འགྲོ་བ་མི་ཐེར་འབུམ་བདུན་པོའི་བདེ་སྡུག་གཅིག་གྱུར་ཡིན་པའི་ངོས་འཛིན་གནང་དགོས་པ་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཚན་རིག་པ་དང་མཁས་པ་ཚོར་བཀའ་སྩལ་ཡོད་པ་རེད།
ཆི་ལི་རྒྱལ་ཁབ་ཀྱི་སྐྱེ་དངོས་དང་ཀླད་པའི་ཚན་རིག་པ། ༧གོང་ས་མཆོག་དང་ལྷན་ཚན་རིག་དང་ནང་ཆོས་ཀྱི་བར་ཐོག་མའི་དགོངས་ཚུལ་བརྗེ་རེས་གནང་མཁན་གྱི་གྲས། ཧྥི་རན་སི་སུ་ཀོ་ཝ་རེ་ལ་(Francisco Varela)་འདས་པོ་དམ་པ་རྗེས་དྲན་མཚོན་པར། སེམས་དང་སྲོག་གི་ཡན་ལག་ཡོ་རོབ་སེམས་དང་སྲོག་གི་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༦་པའི་ཚེས་༩་ཉིན་འདས་པོ་དམ་པ་དེ་ཉིད་ཀྱི་སྐུ་ཟླ་དང་ཚན་རིག་པ། མཁས་པ་ཁག་ཅིག་དང་ལྷན། ༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་ཁོང་ཚོའི་དྲི་བ་ལ་བཀའ་ལན་ཕེབས་ཡོད་ཅིང་། དེ་ལ་འཛམ་གླིང་འདི་བཟང་ཕྱོགས་སུ་འགྱུར་ཐབས་ཀྱི་བརྗོད་གཞིའི་ཐོག་བཀའ་སྩལ་སྐབས། ༧གོང་ས་མཆོག་གིས་ང་ཚོ་དང་ཁྱོད་ཚོ་ཟེར་བའི་ཕྱོགས་རིས་ཀྱི་བསམ་བློ་ལ་འགྱུར་བ་གཏོང་ཐུབ་པ་ཞིག་དང་། འགྲོ་བ་མི་ཐེར་འབུམ་བདུན་པོ་བདེ་སྡུག་གཅིག་གྱུར་ཡིན་པའི་ངོས་འཛིན་དགོས་གལ་ཆེ། འཛམ་གླིང་འདི་བཟང་ཕྱོགས་སུ་འགྱུར་ཐབས་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། དེང་གི་འཛམ་གླིང་འདིར་མཚོན་ཆ་ཚུད་པའི་དངོས་པོའི་ཡར་རྒྱས་ཆེན་པོ་ཡོད་མིན་ལ་མ་བལྟོས་པར། ངའི་རྒྱལ་ཁབ་དང་ལུང་པ་ཟེར་བའི་ཐོག་འགོ་ཁྲིད་ཚོས་བསམ་བློ་གཏོང་རྒྱུ་མང་དྲགས་ཏེ། འགྲོ་བ་མི་སྡེ་ཚན་གཞན་ཞིག་ལ་བསམ་ཚུལ་མི་འདྲ་བ་ཅུང་ཡོད་ཙམ་གྱིས་དགྲ་བོ་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཚན་རིག་པ་ཚད་ལྡན་ཚོས་གཙོ་ཆེར་འགྲོ་བ་མི་སྤྱིའི་བདེ་སྡུག་ལ་དགོངས་པ་བཞེས་ཀྱི་ཡོད་པས། བསམ་བློ་རྒྱ་ཆེ་ཙམ་བཏང་ན། ང་ཚོ་དང་ཁྱོད་ཚོ་ཟེར་བའི་ཕྱོགས་རིས་ཀྱི་བསམ་བློ་དེ་ང་ཚོས་འགྱུར་བ་གཏོང་ཐུབ་པ་ཞིག་རེད། ངོས་ཀྱི་དམ་བཅའ་གཅིག་ནི། འགྲོ་བ་མི་ཐེར་འབུམ་བདུན་པོ་བདེ་སྡུག་གཅིག་གྱུར་ཡིན་པ་དེ་ཡིན། ང་ཚོ་འགྲོ་བ་མི་ཚང་མ་གཅིག་པ་ཡིན་པ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་ཆ་ནས་ང་ཚོ་ཚང་མ་གོ་ལ་འདིར་མཉམ་དུ་གནས་དགོས་པ་རེད། དཔལ་འབྱོར་དང་གནམ་གཤིས་འགྱུར་ལྡོག་སོགས་ལའང་རྒྱལ་མཚམས་མེད་པར་ཤར་ལྷོ་ནུབ་བྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས། ཡོ་རོབ་ལ་མིག་དཔེ་བལྟས་ནས་འཛམ་གླིང་ཡོངས་རྫོགས་མཉམ་འབྲེལ་ཅིག་བཟོ་ཐུབ་པ་རེད་ཅེས་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་ཚན་རིག་པ་ཝི་རེ་ལ་རྗེས་དྲན་དང་ཚན་རིག་པ་འདས་པོ་དམ་པ་དེས་ཚན་རིག་དང་ནང་ཆོས་ཕྱག་སྦྲེལ་གྱིས་འགྲོ་ཐུབ་པར་མིག་དཔེ་བསྟན་ཡོད་པས། ངོས་ནས་ཁོང་གི་རྒྱུན་བསྐྱང་གི་ཡོད། གང་ཉིད་སྐུ་ན་ཆུང་དུས་ནས་འཕྲུལ་ཆས་ལ་ཐུགས་སྣང་ཆེན་པོ་ཡོད་པ་དང་ཆབས་ཅིག ནང་པའི་ལྟ་གྲུབ་ལ་སློབ་གཉེར་ཤུགས་ཆེ་གནང་རྒྱུ་བྱུང་ཡོད་པ་དང་འདྲ་བར། ཧྥ་རན་སི་སུ་ཀོ་ཝི་རེ་ལ་ལགས་ནི་ཚན་རིག་པ་ཡིན་ཁར་ནང་ཆོས་ལའང་དོ་སྣང་ཆེན་པོ་ཡོད་པ་ཞིག་ཡིན་པས། མི་དེ་དང་རིམ་པས་འབྲེལ་ལམ་འགོ་འཛུགས་གནང་ཡོད་ཅིང་། ངོས་ཀྱང་ཁོང་གི་གནང་སྟངས་ཀྱི་རྗེས་སུ་འབྲང་ནས་ཁོང་ཧ་ཅང་མི་ཡག་པོ་ཞིག་མཐོང་གི་ཡོད་པ་མ་ཟད། ཁོང་གི་སྐུ་པར་རྟག་ཏུ་༧གོང་ས་མཆོག་གི་གཟིམས་ཆུང་དུ་ཉར་ཡོད་པ་བཀའ་ཕེབས་པ་དང་འབྲེལ། ཚན་རིག་པ་ཝི་རེ་ལ་དམ་པ་དེས་ཚན་རིག་དང་ནང་ཆོས་ཕྱག་སྦྲེལ་གྱི་འགྲོ་ཐུབ་པའི་མིག་དཔེ་བསྟན་པ་དང་། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་པས་ཕལ་ཆེར་ཚན་རིག་པ་ཝི་རེ་ལ་ཡི་སྐྱེ་བ་རྗེས་མ་དེ་ངོས་ཀྱི་གྲོགས་མཆེད་ཉེ་བོ་ཞིག་གི་ནང་མིར་སྐྱེས་ཡོད་པ་ཐག་ཆོད་རེད། འོན་ཀྱང་། ཁོང་གིས་ངོས་འཛིན་བྱེད་ཐུབ་མིན་ཇི་ལྟར་ཡང་། སྐྱེ་བ་སྔ་མའི་ཉམས་མྱོང་གི་དབང་གིས་ངོས་ལ་སེམས་ནང་ནས་བློ་ཐག་ཉེ་བའི་བག་ཆགས་ཤིག་ཡོད་ངེས་ཅན་རེད་ཅེས་བཀའ་གནང་བ་དང་སྦྲགས། སེམས་ཀྱི་ཞི་བདེ་ཡོང་བར་སེམས་ཁམས་རིག་པའི་འགྲོ་སྟངས་ཁག་ཤེས་དགོས་པ་དང་། ནང་ཆོས་ནི་ཤེས་རབ་ལ་བརྟེན་པ་ཞིག་ཡིན་པར་བཀའ་གནང་ཡོད།
ད་དུང་༧གོང་ས་མཆོག་གིས། ཁོང་གི་ཐུགས་རེ་ནི་སློབ་གྲྭ་ཁག་ཏུ་དམིགས་བསལ་ཆོས་དང་མ་འབྲེལ་བར། བློ་སྦྱོང་ཐབས་དང་ཤེས་རབ་འཕེལ་ཐབས་ཀྱི་སྐོར་ཤེས་ཡོན་སྡེ་ཚན་རང་གི་ནང་འཇོག་རྒྱུའི་དགོངས་པ་དང་། ནད་ཡམས་ཞི་སོང་ན་མཐོ་སློབ་ཁག་ཏུ་ཕེབས་ཏེ་གོ་བསྡུར་གནང་འདུན་ཡོད་པ་བཀའ་ཕེབས་ཡོད་པ་རེད།
སེམས་དང་སྲོག་གི་ལྷན་ཚོགས་གསར་འཛུགས་གནང་མཁན་གྱི་གྲས་ཚན་རིག་པ་ཧྥི་རན་སི་སུ་ཀོ་ཝི་རེ་ལ་འདས་པོ་དམ་པ་ནི། སྤྱི་ལོ་༡༩༤༦་ལོར་ལཊིན་ཨ་མི་རི་ཀའི་ཆི་ལི་རྒྱལ་ཁབ་ཏུ་འཁྲུངས་ཏེ་སྤྱི་ལོ་༢༠༠༡་ལོར་དགོངས་པ་རྫོགས་ཡོད་ཅིང་། ད་ལམ་ཁོང་གི་རྗེས་དྲན་ཆེད་༧གོང་ས་མཆོག་གི་བཀའ་སློབ་ཀྱི་མཛད་རིམ་འདིར། འདས་པོ་དམ་པ་ཁོང་གི་སྐུ་ཟླ་དང་སེམས་ཁམས་ཚན་རིག་པ་ཨི་ལི་ནཱ་ཨན་ཐོ་ནོ་ཝ་ལགས། སྐྱེ་དངོས་རྫས་འགྱུར་གྱི་དགེ་རྒན་ཆེན་མོ་པཱིར་ལོ་གྷི་ལུ་སི་ལགས། ༧སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོགས་དྲ་ལམ་ནས་ལྷན་ཞུགས་གནང་ཡོད་ལ། སེམས་དང་སྲོག་གི་ལྷན་ཚོགས་སྤྱི་ལོ་༡༩༨༧་ལོར་ཨ་མི་རི་ཀའི་ཚོང་པ་ཨ་ཊམ་ཨིན་གྷིལ་སི་དང་། ཚན་རིག་པ་ཧྥི་རན་སི་སུ་ཀོ་ཝི་རེ་ལ་གཉིས་ནས་མཉམ་རུབ་གསར་འཛུགས་གནང་སྟེ། ནང་ཆོས་དང་ཚན་རིག་གི་དབར་བགྲོ་གླེང་གནང་གི་ཡོད་པ་རེད།