སྤྱི་ནོར་༧གོང་ས་མཆོག་གིས་ཝེཌ་ནམ་གྱི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་༩པའི་ཚེས་༥ ནས་ཉིན་གྲངས་གཉིས་རིང་། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བསྩལ་ཡོད་པ་དང་། འདི་ཚེས་༧ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་ཆོས་ཞུ་བར་ཕེབས་པའི་ཝེཌ་ནམ་(Vietnam)་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་མཇལ་ཁའི་སྐབས་བཀའ་སློབ་བསྩལ་བའི་ནང་། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་ཆོས་གཉིས་པོ་དེ་བཤད་སྒྲུབ་ཁོ་ནའི་ཐོག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ལས་གཞན་མེད་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ལ་ཐོས་བྱུང་དང་བསམ་བྱུང་དེ་བཞིན་སྒོམ་བྱུང་ཀྱི་ཤེས་རབ་སྐྱེས་ཏེ་རིམ་པའི་རྟོགས་པ་རྒྱུད་ལ་སྐྱེས་ཐབས་འབད་བརྩོན་གནང་དགོས་སྐོར་ལམ་སྟོན་གནང་འདུག
དེ་བཞིན་མགོན་པོ་གང་ཉིད་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་གཉིས་སྐུ་ན་ཆུང་དུས་ནས་ཐུགས་འཛིན་གནང་ཡོད་པ་དང་། མངོན་རྟོགས་རྒྱན་གྱི་ནང་ས་ལམ་འགྲོ་སྟངས་ཆ་ཚང་ཡོད་པ་དང་། དབུ་མ་འཇུག་པའི་ནང་སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་གསུངས་ཡོད་དུས། དཔེ་ཆ་ལྟ་རྒྱུ་དེ་ལས་སླ་བོ་ཞིག་མིན་ཡང་ཨུ་ཚུགས་རྒྱབ་སྟེ་བལྟས་པ་ཡིན་པས་རིམ་པས་ལས་སླ་པོ་ཆགས་རྒྱུ་ཡིན་པ་སོགས་བཀའ་སློབ་གནང་འདུག
དགའ་ལྡན་ཕོ་བྲང་ནས་མཛད་འཆར་ཕྱི་བསྒྲགས་གནང་བ་ལྟར་ན། སྤྱི་ཟླ་བཅུ་བའི་ཚེས་༢ནས་༤་བར་ཉིན་གྲངས་གསུམ་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།