༧གོང་ས་མཆོག་གིས་སེར་བྱེས་ཚན་རིག་འགྲེམ་སྟོན་དབུ་འབྱེད་གནང་བ།
2015.12.16

ནང་ཆོས་དང་རིག་གསར་ཚན་རིག་ཟུང་འབྲེལ་ཐོག་སློབ་གཉེར་གནང་ཚེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཀྱི་རེད་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ས་ཕྱི་ཚེས་༡༥་ཉིན་གྱི་སྔ་དྲོར་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་དབུ་འཛུགས་མ་གནང་གོང་། སེར་བྱེས་ཚན་རིག་སྡེ་ཚན་གྱི་ཚན་རིག་འགྲེམས་སྟོན་དབུ་འབྱེད་སོགས་མཛད་པ་དང་། འགྲེམས་སྟོན་དཔར་རིས་ཁག་ཐུགས་ཞིབ་མཛད་འདུག ཚན་རིག་གི་འགྲེམས་སྟོན་ལ་གཟིགས་ཞིབ་ལེགས་གྲུབ་ཟིན་པའི་རྗེས་སུ་༧གོང་ས་མཆོག་སེར་བྱེས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ནས། སེར་བྱེས་སློབ་གྲྭའི་ཚན་རིག་སྡེ་ཚན་གྱི་ཆུ་ཁམས་འཁོར་བསྐྱོད་སོགས་གཞི་རིམ་ཚན་རིག་དང་འབྲེལ་བའི་བརྗོད་གཞི་རྣམ་མང་གི་འགྲེམས་སྟོན་ལ་ཐུགས་ཞིབ་མཛད་ནས་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། དཔལ་ན་ལཎྜའི་ཆོས་བརྒྱུད་དང་རིག་གསར་གྱི་ཚན་རིག་གཉིས་ཟུང་འབྲེལ་ཐོག་སྐྱ་སེར་དབྱེ་བ་མེད་པས་སློབ་གཉེར་གནང་ཚེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཀྱི་རེད་ཅེས་སོགས་བཀའ་སློབ་སྩལ་གནང་མཛད་འདུག
སྐབས་དེར་བྱང་རྩེ་ཆོས་རྗེ་མཆོག་དང་། སེ་ར་བྱེས་སྨད་གཉིས་ཀྱི་མཁན་བླ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་འབྲེལ་ཡོད་ཚན་རིག་སྡེ་ཚན་གྱི་ལས་བྱེད་པ། དེ་བཞིན་ཚན་རིག་པ་ཁག་གཅིག སློབ་མ་བཅས་མི་གྲངས་བརྒྱ་ཙམ་མཉམ་བཞུགས་གནང་འདུག
༧གོང་ས་མཆོག་གིས་འཛམ་གླིང་འདིའི་སྒང་སྤྱིར་ནང་པའི་ཡུལ་གྲུ་མང་པོ་ཡོད་ཀྱང་། ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བསྟན་པའི་དཔལ་ན་ལེནྜའི་ཆོས་བརྒྱུད་དང་། ལྷག་པར་ཚད་མར་སློབ་གཉེར་བྱས་ནས་བདག་པོ་རྒྱག་མཁན་བོད་པ་གཅིག་པུ་རེད། འདི་དངོས་གནས་ང་རང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་རེད། དཔལ་ན་ལནྜའི་ཆོས་བརྒྱུད་དེ་དག་ལེགས་སྦྱར་སོགས་སྐད་ཡིག་གང་ལའང་ལྟོས་མི་དགོས་པར་བོད་ཡིག་ནང་སློབ་སྦྱོང་བྱེད་ཐུབ་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་རིང་ཁ་སང་ནང་ཆོས་དོན་གཉེར་མཁས་པ་ཚོས་བོད་ཡིག་སྦྱང་རྒྱུར་ཨུ་ཚུགས་རྒྱག་གི་འདུག དེ་བཞིན་ནུབ་ཕྱོགས་པ་དོན་གཉེར་བ་ཚོས་ཀྱང་ཚིག་མཛོད་ཤ་སྟག་ལ་བལྟས་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ཚིག་མཛོད་གཅིག་པུས་ནང་ཆོས་ཀྱི་གོ་བ་ཆ་ཚང་ལོན་ཁག་པོ་རེད། འོན་ཀྱང་ང་ཚོ་བོད་པ་སོ་སོའི་སྐད་ཡིག་ཐོག་ཚིག་འགྲེལ་རྒྱག་རྒྱུ་ཡོད་པ་ཞིག་ཡིན་པར་བརྟེན་དངོས་གནས་དྲང་གནས་ང་རང་ཚོའི་མེས་པོ་ཚོའི་བཀྲིན་དྲན་དགོས་པ་ཞིག་རེད། ང་རང་ཚོའི་མི་རབས་ཀྱི་གནས་སྟངས་སྐྱོ་པོ་ཡིན་རུང་དེ་འདྲའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་བྱ་རྒྱུ་ཡོད་པ་དེ་ཐུན་མོང་མ་ཡིན་པ་རེད་ཅེས་སོགས་བཀའ་སློབ་སྩལ་གནང་མཛད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།