རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁྲོད་ཀྱི་༧གོང་ས་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་གློག་བརྙན།
2019.09.03
༧གོང་ས་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་དངོས་བྱུང་གློག་བརྙན་དེ་སྐབས་༧༦པའི་ཝེ་ནིསིའི་(Venice)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཐེངས་དང་པོར་བསྟན་འདུག
སྤྱི་ཟླ་༨་པའི་ཚེས་༣༡་ཉིན། ༧གོང་ས་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་གློག་བརྙན་དེ་སྐབས་༧༦པའི་ཝེ་ནིསིའི་(Venice)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་དངོས་སུ་བསྟན་ཡོད་པ་དང་། (Dawn Engle)་དང་(Ivan Suvanjieff)རྣམ་གཉིས་ཀྱིས་བཟོ་སྒྲིག་གནང་བའི་ཆུ་ཚོད་གཅིག་དང་སྐར་མ་༣༥་ཡོད་པའི་གློག་བརྙན་དེ་(Venice Lido)་ས་གནས་ཀྱི་གློག་བརྙན་ཁང་ཞིག་ཏུ་སྟོན་སྐབས་གཟིགས་མཁན་མང་པོ་ཕེབས་ཡོད་པའི་སྐོར་ནུབ་ཡོ་རོབ་ཁུལ་གྱི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
༧གོང་ས་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་དངོས་བྱུང་གློག་བརྙན་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་བཅུ་ཕྲག་ཁ་ཤས་རིང་ནང་ཆོས་དང་ཚན་རིག་བར་གྲོས་མོལ་གྱི་བརྒྱུད་རིམ་བརྗོད་བྱར་བཀོད་པ་དང་། སྤྱི་ལོ་༡༩༩༦་ལོར་གསར་འཛུགས་གནང་བའི་(Peace Jam)་ཞེས་པའི་ཐེབས་རྩ་ཚོགས་པས་བཟོ་བསྐྲུན་གནང་བའི་ནོ་བེལ་མུ་འབྲེལ་གློག་བརྙན་གྱི་ཆ་ཤས་གློག་བརྙན་དྲུག་པ་དེ་ཡིན་ཞིང་། ཚེས་༣༡ ཉིན་གྱི་གློག་བརྙན་ཐེངས་དང་པོའི་དབུ་འབྱེད་སྐབས་་༧གོང་ས་མཆོག་གི་གྲོགས་པ་དང་། དེ་བཞིན་ནོ་བེལ་ཞི་བདེའི་རྟགས་མ་ཐོབ་མྱོང་མཁན་ཨེར་ལན་གྱི་ཞི་བདེ་དོན་གཉེར་བ་(Betty Williams)་མཛད་སྒོར་ཞུགས་ནས་དབུ་འབྱེད་གནང་འདུག
གློག་བརྙན་དེའི་ནང་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རབས་བདུན་ཅུ་ནས་བཟུང་། ད་བར་དུ་ཚན་རིག་པ་དང་ནང་པའི་དགེ་འདུན་པའི་བར་གྲོས་མོལ་གྱིས་དེང་རབས་ཚན་རིག་དང་། ནང་ཆོས་བར་གྱི་འབྲེལ་བའི་ཐད་ཀྱི་མཛད་རྗེས་ཆེན་པོ་བཞག་པ་བཀོད་ཡོད། ༧གོང་ས་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་གློག་བརྙན་དེའི་འཁྲབ་ཁྲིད་པས་གློག་བརྙན་དེ་(Venice)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཐེངས་དང་པོར་བསྟན་པར་ཧ་ཅང་དགའ་བོ་བྱུང་བ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་གང་མང་ཞིག་མི་རྣམས་ཀྱི་གཟིགས་མོར་ཕུལ་བའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་སྐྱེས་པ་བརྗོད་འདུག གློག་བརྙན་བསྟན་ཚར་མ་ཐག་ལྟད་མོ་བ་ཚང་མ་ཡར་བཞེངས་ནས་དགའ་གུས་ཀྱི་ལག་པའི་ཐལ་མོ་བརྡབ་ཡོད་འདུག
(Peace Jam)་ཞེས་པའི་ཐེབས་རྩ་ཚོགས་པའི་བཟོ་སྐྲུན་གནང་བའི་ནོ་བེལ་མུ་འབྲེལ་གློག་བརྙན་གྱི་ཆ་ཤས་ཀྱི་གློག་བརྙན་དང་པོ་སྟེ་འོད་ཟེར་གྱི་བུ་ཞེས་པའི་བརྗོད་གཞི་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་སྦི་ཤོཧྷ་ཌེསྀ་མོནཌ་ཊཱུ་ཊཱུ་ཡི་སྐོར་གྱི་གློག་བརྙན་དེ་སྤྱི་ལོ་༢༠༡༤ལོར་འགྲེམ་སྤེལ་གནང་ཡོད་འདུག