རྒྱ་ནག་དཔོན་རིཊ་ཚོར་གླེན་རྟཊ་ཡོད་པ་བཀའ་གནང་འདུག
2011.07.23
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེང་སྐབས་རྒྱ་ནག་གི་འགོ་འཁྲིད་ཚོས་མཚན་དམས་ཤུགས་ཆེན་པོ་ཞུ་བཞིན་པ་དེ་ནི། ཀླད་པ་ཆ་ཚང་འཚར་ལོངས་མ་ཐུབ་པའི་ཅོལ་ཆུང་བྱིས་པའི་བྱེད་སྟངས་ལྟབུ་རེད་ཅེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་འདུག
དེ་ཡང་ཨ་རིའི་དུས་དེབ་ རོ་ལིང་ས྄་ཊོན་ གྱི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བའི་ནང༌། རྒྱ་ནག་གི་འགོ་འཁྲིད་ཚོས་གང་ཉིད་ལ་མིང་འདོགས་སྣ་ཚོགས་ཀྱི་ཐོག་ནས་མཚན་དམས་ཞུ་བཞིན་པའི་རྒྱུ་མཚན་ནི། བོད་ནང་གི་བོད་མི་དང་རྒྱ་ནག་གི་མི་སེར་ཚོའི་སེམས་ནང་། ཏྭ་ལའི་བླ་མ་ཟེར་བ་ནི་མི་སྡུག་པོ་ཞིག་ཡིན་པའི་ཡིད་ཆེས་སླེབས་ཐབས་སུ་དམིགས་པ་ཞིག་ཡིན་ཡང༌། སྐྱོན་བརྗོད་དེ་དག་སྤྱོད་ཚུལ་དང་མཐུན་པ་ཞིག་དང༌། རྒྱུ་མཚན་ལྡན་པའི་ཐོག་ནས་མིན་པར། ཚིག་ངན་ཤ་ཏག་བེད་སྤྱོད་གཏོང་བ་འདི་ནི། གླེན་རྟགས་བསྟན་པའི་ཕྲུ་གུའི་བྱེད་སྟངས་ཞིག་ཡིན་པར་ མི་སུ་འདྲ་ཞིག་གིས་ཀྱང་ཡིད་ཆེས་བྱེད་ཀྱི་མ་རེད། སྤྱིར་བཏང་བྱས་པ་ཡིན་ན། འགྲོ་བ་མིའི་ཀླད་པའི་ཟུར་གཅིག་ལ། རྒྱུ་མཚན་བསམ་ཤེས་བྱེད་ཐུབ་པའི་ནུས་པ་ཞིག་ཡོང་གི་ཡོད་ཀྱང༌། རྒྱ་ནག་གི་འགོ་འཁྲིད་སྤྱི་དང་ལྷག་པར་དུ་འཁྲེག་བཟུང་གི་ལྟ་བ་འཛིན་མཁན་ཚོའི་ཀླད་པའི་ནང༌། རྒྱུ་མཚན་བསམ་ཤེས་ཐུབ་པའི་ནུས་པ་དེ་ཚང་གི་ཡོད་མ་རེད། དེ་འདྲ་ཡིན་ཙང༌། ལོ་སྔོན་མའི་ནང་ངོས་ནས་ཨ་རིའི་སྲིད་འཛིན་ སྦ་རག་ཨོ་སྦ་མ་ དང་ཐུག་འཕྲད་བྱས་པའི་སྐབས། རྒྱ་ནག་གི་འགོ་འཁྲིད་ཚོའི་ཀླད་པར་བཤགས་བཅོས་གནང་སྟེ། རྒྱུ་མཚན་བསམ་ཤེས་ཐུབ་པའི་ནུས་པ་དེ་བཅུག་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་གསུངས་པ་དང་ཆབས་ཅིག། དེང་སྐབས་རྒྱ་ནག་ནང༌། ཤེས་ཡོན་ཅན་གྱི་མི་སྣ་དང༌། སྒྱུ་སྩལ་མཁན་མང་པོས་ ཡུལ་དེའི་ཆབ་སྲིད་འགྲོ་སྟངས་ལ་འགྱུར་བཅོས་གཏོང་དགོས་པའི་དགོས་འདུན་སྟོན་གྱི་ཡོད་སྟབས། དམར་པོའི་འགོ་འཁྲིད་ཚོས་ལངས་ཕྱོགས་འཁྲེག་པོ་འཛིན་མིན་ལ་མ་བལྟོས་པར། མ་འོངས་པར་རྒྱ་ནག་ནང་འགྱུར་བ་ཡོང་རྒྱུ་ཡིན་པ་ངེས་པ་ཞིག་རེད་ཅེས་བཀའ་གནང་འདུག།