བོད་རྒྱའི་བར་གྱི་དཀའ་ངལ་རིམ་བཞིན་འགྱུར་བ་འགྲོ་རྒྱུ་རེད། ༧གོང་ས་མཆོག་གིས།
2018.07.23
བོད་རྒྱའི་བར་དཀའ་ངལ་འཕྲད་བཞིན་པར་རིམ་བཞིན་འགྱུར་བ་འགྲོ་རྒྱུ་ཡིན་པ་༧གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ནས་གསུངས་ཆོས་སྐབས་གསུངས་འདུག
དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་རུ་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩལ་སྐབས། དཔལ་ན་ལནྜེའི་བརྒྱུད་པ་གསན་བསམ་དར་སྤེལ་གནང་མཁན་བོད་བརྒྱུད་ནང་བསྟན་གྱི་བླ་མ་རྣམ་པའི་དབར་ཐུགས་མཐུན་ཁྲིམས་གཙང་དགོས་པ་དང་། བླ་མའི་ཆབ་སྲིད་ཤུགས་རྐྱེན་འབྱུང་བཞིན་པ་ལྟ་བུ་ཡོད་པ་དེ་ནི་བསྟན་པ་ལ་ཕན་ལས་གནོད་ཆེ་བ་ཡོད་པ་སོགས་བཀའ་གནང་པ་ཆབས་གཅིག བོད་ཡིག་ནང་ཞུགས་པའི་དཔལ་ན་ལེནྜའི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་ཆོས་ལ་ཚུལ་བཞིན་ཐོས་བསམ་གནང་རྒྱུར་ངེས་པར་བོད་ཡིག་ལ་སྦྱང་བརྩོན་བྱེད་དགོས་སྐོར་བཀའ་གནང་འདུག
ཡང་བཀའ་སློབ་ཀྱི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ད་ལྟའི་དཀའ་ངལ་འདི་ནི་རྒྱ་ནག་གི་ཐོག་ནས་ཡོང་བ་ཞིག་ཡིན་པ་དང་། དེ་སྔ་ལོ་རྒྱུས་ཀྱི་ནང་བོད་རྒྱའི་དབར་ཆོས་ཡོན་དང་གཉེན་འབྲེལ་གྱི་ཐོག་ནས་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པ་ཞིག་ཡིན་པ་དང་བསྟུར་ན། ད་ལྟ་བོད་རྒྱའི་དབར་འཕྲད་བཞིན་པའི་དཀའ་ངལ་དེ་དུས་ཚོད་ཐུང་ཐུང་ཞིག་ཡིན་པ་བཀའ་གནང་ཞིང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་ནང་གསར་འགྱུར་གྱི་རང་དབང་མེད་པའི་གནས་སྟངས་དེའི་འོག་ཕྱོགས་གཅིག་གི་གནས་ཚུལ་ལ་སྒྲོ་བཏགས་རང་བཞིན་གྱི་ཐོག་ནས་འགྲེལ་བརྗོད་སྣ་ཚོགས་ཤིག་བྱེད་བཞིན་པའི་རྐྱེན་གྱིས་མང་པོས་གནས་ཚུལ་ཚུལ་བཞིན་མི་ཤེས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་གནང་པ་དང་། རིམ་པས་གནས་ཚུལ་ཇེ་གསལ་དུ་འགྲོ་སྐབས་རྒྱ་ནག་གཞུང་གིས་འགྲེལ་བཤད་བརྒྱབ་པའི་གནས་ཚུལ་དེ་དག་བདེན་པ་མིན་པ་བརྗོད་མཁན་མང་པོ་ཡོང་གི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་མཁན་མང་པོ་ཞིག་དང་མཇལ་འཕྲད་གནང་པ་སོགས་བརྒྱུད་གནས་ཚུལ་ཤེས་རྟོགས་གོང་འཕེལ་དུ་འགྲོ་གི་ཡོད་པར་བརྟེན། རིམ་བཞིན་གནས་ཚུལ་འགྱུར་བ་འགྲོ་རྒྱུ་ཡིན་པ་བཀའ་གནང་འདུག
ཡང་བླ་མའི་ཆབ་སྲིད་ཀྱི་གནས་སྟངས་འདི་ནི་བསྟན་པ་ཉམས་དམའ་བའི་དུས་ཚོད་འདིའི་སྐབས། སངས་རྒྱས་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་ཉུས་ཤས་ཤིག་ཡོད་པ་དེ་དག་གཅིག་གིས་གཅིག་ལ་ཆབ་སྲིད་རྩེད་པ་ལྟ་བུ་བྱེད་པ་ཡིན་ན་བསྟན་པ་ལ་ཕན་པའི་ཚབ་ཏུ་གནོད་པ་ཡོང་རྒྱུ་ཡིན་པར་བརྟེན། དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བཀའ་ནན་ཏན་གནང་འདུག
གསར་འགོད་པ་རྡོ་རྗེ་མཚོ།