བོད་ཀྱི་གནད་དོན་ཐད་ཨ་མི་རི་ཀས་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱ་གར་ལ་བསྔགས་བརྗོད་བྱས་འདུག
2019.10.31

རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཨ་མི་རི་ཀས་སྐྱོན་བརྗོད་དང་རྒྱ་གར་གཞུང་གིས་བོད་མིར་རྒྱབ་སྐྱོར་བྱེད་བཞིན་པར་བསྔགས་བརྗོད་བྱས་འདུག
ཨ་མི་རི་ཀ་གཞུང་གི་མཐོ་རིམ་གནད་ཡོད་མི་སྣ་རྒྱ་གར་རྡ་རམ་སཱ་ལར་ཕེབས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་ཀྱང་། ཨ་མི་རི་ཀས་བོད་མི་དང་བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང༌། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མིའི་ཆོས་དད་རང་དབང་སོགས་ལ་ཁྱད་དུ་འཕགས་པའི་རྒྱབ་སྐྱོར་ཞུ་བཞིན་པ་སོགས་ལ་ཨ་རིས་བསྔགས་བརྗོད་གནང་འདུག
སྤྱི་ཟླ་༡༠་པའི་ཚེས་༣༡་ཉིན་རྒྱ་གར་གྱི་(IANS)་དང་། (The Economic Times)་སོགས་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེ་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་མཆོག་བཞུགས་སྒར་རྡ་རམ་ས་ལ་རུ་ཕེབས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་བའི་སྐོར་ཨ་རིའི་ལྷོ་དང་དབུས་ཨེ་ཤེ་ཡའི་ཕྱི་འབྲེལ་དྲུང་གཞོན་ལས་ཚབ་(Alice G.Wills)་ལགས་ཀྱིས་(Tweets)་དྲ་ལམ་བརྒྱུད་དེ་གནས་ཚུལ་བཀོད་སྤེལ་བྱས་པའི་ནང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཆེན་མོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་སྐབས་སུ། ཨ་རིས་མུ་མཐུད་དུ་བོད་མིར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་དང༌། དེ་བཞིན་རྒྱ་གར་གྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པ་སོགས་ལ་ཨ་རིས་བསྔགས་བརྗོད་ཞུ་བཞིན་ཡོད་པའི་སྐོར་བཀོད་འདུག
ཡང་རྒྱ་ནག་དམར་ཤོག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་མ་འོངས་ཡང་སྲིད་ཀྱི་ཐད་རྒྱ་ནག་གི་ཁྲིམས་དང་འགྲོ་ལུགས་བཞིན་འགྲོ་དགོས་པའི་སྐོར་བཤད་བཞིན་པ་དེ་ལ་འོས་བབ་རྩ་བ་ནས་མེད་པ་དང་། བོད་མི་ཚོ་ལ་སྤྱི་ཚོགས་དང་ཆོས་ལུགས་ཀྱི་ཐོབ་ཐང་སྤྲད་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་འདེམས་སྒྲུག་དང་། ཡང་སྲིད་ལ་སྐུ་ཡོན་གསན་བཞེས་གནང་རྒྱུ་དང་གུས་བརྩི་ཞུ་རྒྱུར་རྒྱ་ནག་གཞུང་གིས་ཐེ་བྱུས་མེད་པར་རང་དབང་གི་ཐོབ་ཐང་དགོས་པའི་སྐོར་སོགས་འཁོད་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་གཟའ་མིག་མར་ཉིན། ཨ་མི་རི་ཀའི་དཔོན་རིགས་རྣམས་ནས་ཏཱ་ལའི་བླ་མ་དང་། ཁོང་གི་རྗེས་འབྲངས་པ་ཚོ་ལ་ཐུགས་འཕྲད་བྱེད་རྒྱུ་མེད་པ་དང་། དེ་བཞིན་བོད་ཀྱི་གནད་དོན་ལ་འགན་འཁུར་མེད་པའི་བཀའ་མོལ་དེ་འདྲ་གནང་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་སྐོར་བཤད་ནས་ཨ་རིར་སྐྱོན་བརྗོད་བྱས་ཡོད་འདུག
ཡང་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Geng Shuang)་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཆེན་མོ་(Brownback)་ཡི་བཀའ་མོལ་དེ་ནི་ཨ་རིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁས་ལེན་དང་འགལ་གྱི་ཡོད་པ་དང་། བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡོད་པ་མ་རེད་ཞེས་བཤད་འདུག