༸གོང་ས་མཆོག་གི་སྐུའི་བརྟག་དཔྱད་ལེཌ་པར་གྲུབ་གནང་ཡོད་པ།
2009.02.02
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་ནས་ཕྱིར་ཆིབས་ཐོན་གནང་གྲུབ་ཡོད་པ་རེད།
གསར་འགྱུར་བརྒྱུད་ཁག་ནས་གནས་ཚུལ་ཐོན་པར་ལྟར་ན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ཤས་གོང་ནས་ཕྱག་རྩ་ཕྲན་བུའི་བདེ་མིན་བྱུང་གནང་ཡོད་པར་བརྟེན་སྐུའི་སྨན་པས་སློབ་སྟོན་ཕུལ་བ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྙན་གྲགས་ཅན་གྱི་ཨ་པོ་ལོ་ཞེས་པའི་སྨན་ཁང་ནང་སྐུའི་བརྟག་དཔྱད་གྲུབ་གནང་ནས་དེ་རིང་བཞུགས་སྒར་དུ་ཆིབས་ཐོན་གནང་འཆར་ཡོད་ལུགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
དེ་དང་ཕྱོགས་མཚུངས་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་ཀྱང་༸གོང་ས་མཆོག་གི་སྐུ་ཁམས་ཐོག་ཐུགས་འཁྲལ་གནང་དགོས་མེད་ལུགས་གསུངས་ཡོད་པ་མ་ཟད་ལྷག་པར་དུ་རྩ་དཀར་གྱི་དམིགས་བསལ་སྨན་པ་ཨ་མི་ཏ་ལྦ་ཅན་ད་མཆོག་གིས་ཀྱང་རའུ་ཀྲར་གསར་ལས་ཁང་དུ་འགྲེལ་བརྗོད་གནང་བར་ལྟར་ན་རྩ་དཀར་གྱི་ནད་པའི་རིགས་ལ་སྔོན་ཚུད་ནས་སྨན་བཅོས་བྱ་ཐུབ་པ་ཡིན་ན་བརྒྱ་ཆ་དགུ་བཅུ་ཙམ་དྲག་སྐྱེད་འགྲོ་རྒྱུའི་རེ་བ་ཡོད་པ་ཞིག་ཡིན་འདུག།