བྱམས་བརྩེ་ནི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་ཡི་འབྱུང་ཁུངས་ཡིན། ༧གོང་ས་མཆོག་གིས།
2019.10.14

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་། ནང་སེམས་དང་འཛམ་གླིང་ཞི་བདེ་བཅས་ཀྱི་འབྱུང་ཁུངས་ཡིན་པ་རྒྱ་གར་པན་ཇབ་མངའ་སྡེའི་ཅིཏ་ཀ་ར་གཙུག་ལག་སློབ་ཆེན་དུ་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་སྤྱི་༡༤་ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་ཡོད་པའི་ཅིཏ་ཀ་ར་གཙུག་ལག་སློབ་ཆེན་གི་ཚོགས་ཁང་དུ་(Chitkara University, Punjab)་སློབ་ཆེན་དེའི་རིགས་བདག་འབུམ་རམས་པ་(Ashok Chitkara)གཙོས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་དགེ་ལས་སློབ་ཕྲུག་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་བཀའ་སློབ་བསྩལ་བའི་སྐབས། དེང་གི་ཤེས་ཡོན་སློབ་གསོའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ལ་དམིགས་སྡོད་པ་ལས་ནང་སེམས་དང་འབྲེལ་བའི་སློབ་གསོའི་རིགས་དཀོན་པོ་ཡིན་པ་མ་ཟད། དེ་ལྟ་བུའི་ཤེས་ཡོན་སློབ་གསོ་ཐོབ་པའི་གང་ཟག་དག་ལ་སེམས་ཁམས་ཀྱི་དཀའ་ངལ་འཕྲད་པའི་སྐབས། དེང་གི་ཤེས་ཡོན་གཅིག་པུའི་འདང་གི་མེད་པར་བརྟེན། ཕྲུ་གུ་ཆུང་ཆུང་སྐབས་ནས་སྤྱོད་བཟང་དང་འབྲེལ་སློབ་སྦྱོང་སྤྲོད་དགོས་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་བ་དང་འབྲེལ། རྒྱ་གར་གྱི་རྒྱལ་ཁབ་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པ་ནི། སེམས་དང་ནང་བསམ་བློ་སོགས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོ་རིག་གཞུང་དང་དེང་དུས་ཤེས་ཡོན་གཉིས་ཟུང་འབྲེལ་བྱས་ཐུབ་པའི་ནུས་པ་དེ་རྒྱ་གར་མ་གཏོགས་གཞན་རྒྱལ་ཁབ་སུ་ལའང་མེད་པ་རེད། ཉེ་ལམ་དེ་དང་འབྲེལ་བའི་ངོས་ལ་དམ་བཅའ་གསར་པ་ཞིག་ཡོད་པ་འདི་ནི་རྒྱ་གར་གྱི་གནའ་བོ་རིགས་གཞུང་དེ་བསྐྱར་གསོ་བྱ་རྒྱུ་དེ་ཡིན་པ་ཟད། རྒྱ་གར་རྒྱལ་ཁབ་གྱི་ནང་སེམས་ཀྱི་ཞི་བདེ་ཡོང་བར་ཞབས་འདེགས་ཆེན་པོ་བསྒྲུབ་ཐོབ་ཅེས་བཀའ་བསྩལ་གནང་མཛད་སོང་།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་སྤྱོད་ཀྱི་རྣམ་གཞག་ནི། འགྲོ་བ་མིའི་རང་གཤིས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ལས་ཆོས་ལུགས་དང་འབྲེལ་བ་མེད་པ་ལྟ་བུ་རེད་ཅེས་བཀའ་ཕེབས་པ་དང་འབྲེལ། ཤེས་ཡོན་བརྒྱུད་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཁྱབ་སྤེལ་དགོས་གལ་ཆེ་བ་དང་། ང་ཚོ་ཚང་མས་འཛམ་གླིང་འདིའི་ནང་མི་ཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་སྤྱི་ཚོགས་གཅིག་གི་མིའི་འདུ་ཤེས་འཛིན་དགོས་པ་གལ་ཆེ་ཞིང་། དེ་བརྒྱུད་ནས་ང་ཚོས་མི་གཞན་ལ་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐོར་སློབ་ཁྲིད་བྱེད་ཐུབ། རྒྱལ་ཁབ་ཁག་གི་དབྱེ་མཚམས་དང་ཆོས་ལུགས་འདྲ་མིན་ཟེར་བ་ནི་དེ་ལས་གལ་གནད་ཆུང་བར་ངོས་འཛིན་བྱེད་དགོས། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་གཅིག་ཡིན་ལ་འགྲོ་བ་མི་ཡོངས་རྫོགས་འཛམ་གླིང་གཅིག་གི་ནང་མཉམ་སྡོད་བྱེད་ཀྱི་ཡོད་པ་བཀའ་ཕེབས་ཡོད་པ་རེད།
སྐབས་དེར་ཅིཏ་ཀ་ར་(Chitkara)་གཙུག་ལག་སློབ་ཆེན་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱིས་རིག་གནས་ཐོག་ལ་འབུམ་རམས་པའི་ལག་འཁྱེར་འབུལ་བཞེས་མཛད་ཡོད་པ་མ་ཟད། ༧མགོན་པོ་གང་ཉིད་མཆོག་དབུ་ཞུགས་ཐོག་གཙུག་ལག་སློབ་ཆེན་དེའི་ནང་(Center for student happiness)་ཞེས་སློབ་མའི་བདེ་སྐྱིད་དང་འབྲེལ་བའི་ལྟེ་གནས་ཁང་གསར་པ་ཞིག་དབུ་འབྱེད་མཛད་ཡོད་པ་རེད།
སློབ་ཆེན་དེ་ཉིད་ཀྱི་སློབ་མ་(Harnoor Singh)་ལགས་ཀྱིས། ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་གི་ངོ་མཚར་ཆེ་ཞེས་འགྲེལ་བརྗོད་གནང་བ་འབྲེལ། ༧གོང་ས་མཆོག་གི་བཀའ་སློབ་དེ་དག་ལ་རིན་ཐང་དང་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་འདུག་ཅིང་། ཁོང་གིས་གནང་བའི་བཀའ་སློབ་དེ་དག་ང་ཚོའི་དངོས་སུ་ལག་བསྟར་བྱེད་བཞིན་པའི་ཉིན་རེར་འཚོ་བ་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་ཡང་སློབ་ཆེན་དེའི་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་(Nikita Sharma)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུངས་བ་ལྟར། དུས་རྟག་ཏུ་སོ་སོ་རང་ཉིད་ལ་ཡིད་ཆེས་ཡོད་པའི་ཐོག་ནང་སེམས་ལ་ཞི་བདེ་སྐྲུན་རྒྱུ་གལ་ཆེན་རེད་འདུག གལ་ཏེ་སེམས་ལ་ཞི་བདེ་ཡོད་པ་ཡིན་ན། ལས་ཀ་ཅི་འདྲ་བ་ཞིག་བྱས་ཀྱང་ལས་སླ་པོ་ངང་ནས་སྒྲུབ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདི་སྤྱི་ཚེས་༡༥་རེས་གཟའ་མིག་དམར་ཉིན་ལུ་རྡི་ཡ་ནའི་ནང་ཡོད་པའི་ཅན་རྡི་སྒར་གཙུག་ལག་སློབ་ཆེན་དུ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ནང་རིས་མེད་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད་འདུག