སྨན་པ་སོགས་ལ་བསྔགས་བརྗོད།
2013.03.11

༄༅༎རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་གསོ་རིག་སློབ་གཉེར་ཁང་གི་མིག་ནད་བརྟག་དཔྱད་སྡེ་ཚན་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་ ༡༠ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སློབ་གཉེར་སྡེ་ཚན་དེ་ཐོག་མར་འགོ་ཚུགས་པའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་འདུག
དེ་ཡང་རྒྱ་གར་གྱི་ UNI གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ས་ལྡི་ལིའི་གསོ་རིག་སློབ་གཉེར་ཁང་གི་ཁོངས་གཏོགས་སུ་ཡུལ་དེའི་སྲིད་འཛིན་ཐོག་མ་ Dr. Rajandra Prasad ཡི་མཚན་ཐོག་མིག་ནད་བརྟག་དཔྱད་ཀྱི་གསོ་རིག་སྡེ་ཚན་ཞིག་ཡོད་པ་དང༌། སྡེ་ཚན་དེ་ཐོག་མར་འགོ་ཚུགས་ནས་མི་ལོ་ ༤༦ འཁོར་བའི་དུན་དྲན་གྱི་ཉིན་མོ་འདི་ཚེས་ ༡༠ ཉིན་སྲུང་བརྩི་ཞུས་པའི་མཛད་སྒོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་མ་ཟད། སྐབས་དེར་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་ཚོར་བཀའ་སློབ་བསྩལ་བའི་ནང༌། སྨན་པ་དང་ནད་གཡོག་གི་ལས་དོན་གཉེར་མཁན་ཚོར་དམིགས་བསལ་བསྔགས་བརྗོད་དང༌། དེ་བཞིན་རྒྱ་གར་ནི་མི་རིགས་དང་། ཆོས་ལུགས་འདྲ་མིན་མཉམ་གནས་ཐུབ་སའི་གཞན་གྱི་མིག་དཔེ་བྱེད་འོས་པའི་དམངས་གཙོའི་རྒྱལ་ཁབ་ཁྱད་པར་ཅན་ཆགས་ཀྱི་ཡོད་པའི་བཀའ་གནང་འདུག།