༸གོང་ས་མཆོག་གིས། འཛམ་གླིང་ས་ཕྱོགས་གང་སར་རང་བྱུང་གོད་ཆག་འབྱུང་བཞིན་པར་ཐུགས་སྨོན་མཛད་པ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༠ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་གི་ས་ཁུལ་གང་སར་ཆུ་ལོག་དང་། མཚོ་འཁྱོམ། མེ་སྐྱོན་སོགས་ཀྱིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཡོང་བཞིན་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ནས་འཛམ་གླིང་ནང་རང་བྱུང་གོད་ཆག་རིགས་ཡོང་བཞིན་པར་ཐུགས་གསོ་དང་། དཀའ་སྡུག་ནང་གི་མི་རྣམས་ལ་རོགས་སྐྱོར་གྱི་ཐབས་ཤེས་བྱེད་བཞིན་ཡོད། ཅེས་བཀའ་སྩལ་འདུག
༸གོང་ས་མཆོག་གི་གསུང་འཕྲིན་ནང་། འདས་པའི་ཉིན་ཤས་རིང་། རྒྱ་ནག་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་དང་། བོད་ནང་གི་ས་ཁུལ་རེ་ཟུང་ལ་ཆུ་ལོག་གི་རྐྱེན་གྱིས་མི་རྒྱུ་གཉིས་ལ་རྐྱེན་ངན་གོད་ཆག་དང་། ཚེ་སྲོག་ཤོར་བ་ཁག་ལ་ངོས་ནས་ཐུགས་སྨོན་གནང་གི་ཡོད་ལ། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་སྟབས། ཚང་མས་མི་ཚེ་སྐྱིད་པོ་ཡོང་བའི་རེ་བ་དང་། གནོད་འཚེ་རིགས་ལ་གཡོལ་ཐབས་གནང་གི་ཡོད་པས། ང་ཚོ་ཚང་མས་གཅིག་ཕན་གཅིག་གྲོགས་ཀྱིས་ཕན་ཚུན་རོགས་རམ་གནང་དགོས་པའི་འགན་འཁུར་ཡོད་པ་བཀའ་སྩལ་ཡོད་འདུག
དེ་བཞིན་དེ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་གྱི་ཚོགས་བཅར་ཚོར་མཇལ་ཁའི་སྐབས། ༸གོང་ས་མཆོག་གིས། ངོས་ནས་རྒྱ་ནག་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་ཤིག་འབུལ་ཐུབ་པའི་རེ་བ་དང་། གནས་སྟངས་འདི་ལྟ་བུའི་འོག་ཏུ་ངོས་ནས་འཛམ་གླིང་ཡོངས་ཀྱི་གཅེན་གཅུང་རྣམས་ནས་རང་བྱུང་གོད་ཆག་འབྱུང་ཡུལ་གྱི་མི་མང་ཚོར་ཐུགས་སྨོན་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་གནང་འདུག
འདི་ལོ་དབྱར་དུས་སྐབས་འཛམ་གླིང་གི་ས་ཁུལ་གང་སར་ཆུ་ལོག་གི་གནོད་སྐྱོན་འདྲ་མིན་བྱུང་ཡོད་ཅིང་། ལྷག་པར་ཕྱི་ཟླ་ ༧ པའི་ནང་བོད་ནང་གི་བསང་ཆུ་རྫོང་དུ་དྲག་ཆར་འདམ་རུད་ཀྱིས་མི་བཞི་རྐྱེན་འདས་སོང་ཡོད་པ་རེད་ལ། དེ་བཞིན་ཕྱི་ཟླ་ ༨ པའི་ཚེས་ ༩ ཉིན་བོད་ནང་གི་རཱ་རྒྱ་དགོན་གྲོང་གཉིས་སུ་ཆུ་ལོག་གིས་རྒྱུ་ནོར་ལ་གོད་ཆག་གི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།