འཛམ་གླིང་ཞི་བདེ་བསྐྲུན་པར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེ། ༧གོང་ས་མཆོག་གིས།
2020.06.17
འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་ཤེས་ཡོན་དང་རྣམ་དཔྱོད་བེད་སྤྱོད་བཏང་ན་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཀྱི་རེད་ཅེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༡༧་ཉིན་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། ཇེའི་སྤུར་རྩོམ་རིག་དུས་སྟོན་གྱི་ཉིན་མོར་རྩོམ་པ་པོ་གྲགས་ཅན་པི་ཀུ་ཨ་ཡར་(Pico Iyer)་ལགས་དང་ལྷན་དུ་བཀའ་མོལ་གནང་སྐབས། ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོས་འཚམས་འདྲི་ཞུས་པའི་རྗེས་བཀའ་འདྲི་ཞུས་པའི་ནང་། ༧གོང་ས་མཆོག་གིས་༢༠༡༨་ལོར་ཉི་ཧོང་དུ། དེང་སྐབས་འཛམ་གླིང་འདིའི་ནང་སེམས་མྱོང་གི་དཀའ་ངལ་འོག་གཅིག་ལ་གཅིག་བརྟེན་ཡིན་པ་བརྗེད་ནས་འཛམ་གླིང་ནང་དཀའ་རྙོག་ཡོང་བཞིན་ཡོད་པ་གསུང་བ་བཞིན། ད་ཆ་འཛམ་གླིང་འདི་དུམ་བུར་འགྲོ་ཉེན་ཡོད་པའི་ཐུགས་ཚབས་ཡོད་དམ་ཞེས་བར། ༧གོང་ས་མཆོག་གིས། དེང་གི་འཛམ་གླིང་ནང་ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས། ངའི་མི་རིགས་ཞེས་པའི་བསམ་བློ་དེ་དུས་ཚོད་ཡོལ་ཚར་བ་ཞིག་རེད། ད་ཆ་འཛམ་གླིང་འདིའི་ནང་གི་མི་འབོར་ཐེར་འབུམ་བདུན་དེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འགྲོ་དགོས་པ་ཤིག་རེད། དེའི་ཐོག་མིའི་ཤེས་ཡོན་དང་རྣམ་དཔྱོད་བེད་སྤྱོང་བཏང་ནས་མདོ་དོན་རྒྱལ་ཁབ་ཀྱི་རྒྱལ་མཚམས་མེད་པའི་ཐོག་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཡང་བསྒྲུབ་པའི་ཐོག་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཀྱི་རེད་ཅེས་བཀའ་གནང་སོང་།
ཡང་སྐུ་ཞབས་པི་ཀུ་ཨ་ཡར་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་ཀྱི་ཟླ་བ་ཁ་ཤས་རིང་སྐུ་ཉིད་ཕོ་བྲང་དུ་བཞུགས་པའི་རིང་སྐུ་གཟུགས་གནས་བབ་གང་འདྲ་ཡོད་དམ་ཞེས་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྔ་དྲོ་ཚོུད་འགའ་ཤས་རིང་སྒོམ་རྒྱག་གི་ཡོད། ལོ་སྟོང་ཕྲག་འགའ་ཤས་སྔོན་གྱི་རྒྱ་གར་གྱི་རིག་གཞུང་བཟང་པོ་སྙིང་རྗེ་དང་། འཚེ་མེད་ཞི་བ་དེ་ཉམས་ལེན་བྱེད་ཀྱི་ཡོད། དེས་ལུས་བདེ་བ་དང་། རང་ཉིད་ལ་ཡིད་ཆེས་དང་འདེང་སྤོབ་ཡོང་བར་ཕན་ཐོག་འདུག དེ་ནས་ང་རང་གང་དུ་སོང་ཡང་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། དམ་བཅའ་གསུམ་ཡོད་པ་ནི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་མིའི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ། དེ་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་རྒྱ་གར་ནང་སླར་གསོ་བྱེད་རྒྱུར་ཤུགས་རྒྱག་གི་ཡོད་ལ་དེའི་ཐད་ཁྱེད་རང་ཚོས་ཀྱང་ཤུགས་སྣོན་རྒྱག་དགོས་པ་བཀའ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་སྐྱབས་བཅོལ་བ་ཆགས་པ་རེད། ང་རང་རྒྱ་གར་གཞུང་གི་སྐུ་མགྲོན་ཡུན་རིང་ཤོས་དེ་ཆགས་པ་རེད། རང་དབང་ལྡན་པའི་ཐོག་ནས་བསྡད་ཡོད། རྒྱ་ནག་ནང་ནང་པ་མང་པོ་ཡོད་པ་རེད། རྒྱ་ནག་གི་རིག་གཞུང་ལ་དགའ་མོས་ཆེན་པོ་ཡོད། ཡིན་ནའང་སྨྲ་བརྗོད་ཀྱི་རང་དབང་མེད་པ་དེ་རེད། དེ་སོང་ཙང་རྒྱ་ནག་གི་གཞུང་འཛིན་ལམ་ལུགས་ལ་དགའ་པོ་མེད། ཕྱོགས་གཅིག་ནས་སྐྱབས་བཅོལ་བ་ཆགས་ནས་བློ་ཕམ་པོ་རེད། ཡིན་ཡང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། རྒྱ་གར་རང་དབང་རྒྱལ་ཁབ་ནང་རང་དབང་ལྡན་པའི་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་རྒྱ་གར་ནས་དར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དཔལ་ཎ་ལེན་ཊའི་གཞུང་ལུགས་དེ་དང་འབྲེལ་ནས་འཛམ་གླིང་ནང་བསམ་ཚུལ་བརྗེ་ལེན་གྱི་གོ་སྐབས་བྱུང་ཡོད་པ་བཀའ་གནང་སོང་།
རྒྱ་གར་ལ་སེམས་ཁམས་རིག་པ་དང་འབྲེལ་བའི་བཟང་སྤྱོད་དང་། དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་བའི་ཐོག་ནས་འཛམ་གླིང་འདི་ལ་རླབས་ཆེན་གྱི་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད་པ་དེའི་ཐོག་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་ཡིན་པ་བཀའ་སྩལ་གནང་འདུག