༸གོང་ས་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཕོ་མོ་རྒན་གཞོན་ ༧༢ ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་བ།

2024.02.17
༸གོང་ས་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཕོ་མོ་རྒན་གཞོན་ ༧༢ ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་བ། ༸གོང་ས་མཆོག་གིས་སློབ་དཔོན་ཆེན་མོ་ Kaveri Gill ལགས་སུ་དགེ་ཚུལ་མའི་སྡོམ་པ་སྩལ་བའི་སྐབས། ༢༠༢༤།༠༢།༡༧ ཉིན།
OHHDL

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཟླ་ ༢ པའི་ཚེས་ ༡༧ ཉིན་རྒྱ་གར་དང་སོག་ཡུལ། ཨུ་རུ་སུ་དང་ཨ་རི། ཡོ་རོབ་དང་ཝི་ཏི་ནམ། སིང་གྷ་ཕོར། བོད་བཅས་ནས་ཡིན་པའི་ཕོ་མོ་རྒན་གཞོན་ ༧༢ ལ་དགེ་ཚུལ་སྡོམ་པ་སྩལ་གྲུབ་ཡོད་ཅིང་། སྐབས་དེར་དགེ་ཚུལ་མའི་སྡོམ་པ་ཞུ་མཁན་རྒྱ་གར་བ་བུད་མེད་དགེ་རྒན་ཆེན་མོ་Prof. Kaveri Gill ལགས་ནི། དབྱིན་ཇིའི་རྒྱལ་ཁབ་ཀྱི་ University of Cambridge སློབ་ཆེན་ནས་འབུམ་རམས་པ་ཐོན་ཏེ། དབྱིན་ཡུལ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། རྒྱ་གར་ནང་བཅས་སུ་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་སྣ་མང་གནང་སྟེ་དགེ་རྒན་ཆེན་མོའི་མཚན་གནས་བཞེས་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྱི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་ཡང་ཁུར་མྱོང་ཡོད་ཅིང་། མོ་རང་གིས་ལྡི་ལི་བོད་ཁང་དུ་ནང་ཆོས་ལ་ལོ་མང་སློབ་གཉེར་གནང་སྟེ་དོ་སྣང་བྱུང་བ་དང་། ༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་བླངས་ཐུབ་པར་དགའ་ཚོར་དཔག་མེད་བྱུང་བའི་སྐོར་འགྲེལ་བརྗོད་གནང་དོན། 

༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་མའི་སྡོམ་པ་ཞུ་རྒྱུ་བྱུང་བར་ཧ་ཅང་གིས་དགའ་ཚོར་ཆེན་པོ་དང་བསྐལ་བ་བཟང་པོ་ལྡན་བྱུང་བ་མ་ཟད། གོ་སྐབས་འདི་འདྲ་ནི་སྐྱེ་བ་ནས་ཚེ་རབས་མང་པོར་ཐེངས་མ་རེ་འགའ་མ་གཏོགས་འཐོབ་ཁག་པོ་རེད། སོ་སོ་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གིས་ནམ་རྒྱུན་བཀའ་ཕེབས་པ་བཞིན། མགོན་པོ་ཀླུ་སྒྲུབ་ཀྱིས་མཚོན་ནཱལནྡཱའི་པཎ་གྲུབ་རྣམས་ནི་རྒྱ་གར་བ་ཞེ་གཅིག་ཡིན་པ་རེད་དེ། དེང་རབས་ཀྱི་དུས་འདིར་ང་ཚོ་ག་ལེར་གཉིད་སད་པ་དང་ཅུང་ཟད་འགོར་འགྱང་ཕྱིན་ཡོད་ནའང་། ད་ཆ་རྒྱ་གར་བ་མང་པོས་ནང་སེམས་ཀྱི་འགྱུར་བ་ལ་དོ་སྣང་ཆེན་པོ་ཡོང་རེ་ཡོད་པའི་བློ་སྦྱོང་ནི་ནང་པའི་ཆོས་ཀྱི་རྩ་བ་ཡིན་པའི་མུར། ང་རང་གི་རེ་བར་བོད་མི་རིགས་དང་༸གོང་ས་མཆོག་གིས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆོས་ཚུལ་འདི། འཛམ་གླིང་གང་སར་ཁྱབ་པ་དང་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཕྱག་རྗེས་དེ། མི་ཉམས་རྒྱུན་འཛིན་བྱེད་པར་རྒྱ་གར་བ་ཚོར་ཡང་འགན་ཁུར་ཆེན་པོ་ཡོད་པར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཡང་ཨ་མི་རི་ཀའི་ཁ་ལེ་ཕོར་ནི་ཡ་ནས་ཡིན་པ་བོད་རིགས་བསྟན་འཛིན་ཆོས་འཚོ་ལགས་ནས། སོ་སོ་༸གོང་ས་མཆོག་ལ་ཡིད་ཆེས་བརྟན་པོ་དང་ཁོང་གི་རྗེས་སུ་འཇུག་རྒྱུར་འདུན་པ་རྩེ་གཅིག་ཏུ་ཡོད་པས། དགེ་ཚུལ་གྱི་སྡོམ་པ་ཐོབ་པར་ཧ་ཅང་སྐྱིད་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཨུ་རུ་སུའི་ཁལ་མིག་ནས་ཡིན་པའི་སོག་རིགས་གྲྭ་བ་བསྟན་འཛིན་ཀུན་མཁྱེན་ལགས་ནས། དགེ་ཚུལ་གྱི་སྡོམ་པ་ཐོབ་པར་ཧ་ཅང་སྐྱིད་པོ་དང་༸གོང་ས་མཆོག་བཀའ་དྲིན་ཆེན་པོར་ཚོར་བ་མ་ཟད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནང་བའི་བསྟན་པ་དར་ཁྱབ་གནང་རྒྱུའི་འགན་ཁུར་འདོད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་འཇར་མན་ནས་ཡིན་པ་རྒྱལ་བསྟན་འཇིགས་བྲལ་ལགས་ནས་མི་ཚེའི་ནང་ཐུན་མོང་མིན་པའི་གོ་སྐབས་འདི་ཐེངས་གཅིག་མ་གཏོགས་མེད་པ་དང་། འདུལ་ཁྲིམས་མ་སྲུང་ན་གྲྭ་བ་བྱེད་མི་ཐུབ་པ་དང་དགེ་འདུན་གྱི་སྡེའང་མེད་པས། སྡོམ་པ་ལེན་རྒྱུ་ཧ་ཅང་གལ་ཆེན་དང་སོ་སོ་བསྐལ་བ་དང་ལྡན་པར་ཚོར་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ནས་དགེ་ཚུལ་གྱི་སྡོམ་པའི་སྔོན་འགྲོ་ལ་རབ་བྱུང་དང་དགེ་བསྙེན་སྒྲུབ་པ་སོགས་གནང་དགོས་པ་དེ། ནང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་ལེན་དང་འཛིན་སྐྱོང་གནང་བར་རྨང་གཞི་གལ་ཆེན་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྔ་མོ་བོད་ཡིག་ནང་བསྒྱུར་བ་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོས་མཛད་པར་གྲགས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་ཞེས་པའི་ནང་། ནང་པའི་དགེ་ཚུལ་གྱི་སྡོམ་པ་བླངས་ཟིན་པ་རྣམས་ཀྱིས་སྤང་བྱ་རྩ་བ་བཞི་དང་། བླང་འདས་ ༣༦ ཉེས་པ། ཕྱོགས་མཐུན་གྱི་ཉེས་པ་སོ་སོ་གསལ་བོ་མཁྱེན་པའི་སྒོ་ནས་སྡོམ་པ་སྲུང་དགོས་པ་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎