༸གོང་ས་མཆོག་གིས། ཧི་མ་ཅལ་ཁུལ་དུ་སླར་ཡང་ཆར་ཞོད་ཀྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ།

2023.08.15
༸གོང་ས་མཆོག་གིས། ཧི་མ་ཅལ་ཁུལ་དུ་སླར་ཡང་ཆར་ཞོད་ཀྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ། ༸གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས། ༢༠༢༣།༠༧།༠༦ ཉིན།
OHHDL

འདི་ཚེས་ ༡༥ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ལ་གསུང་འཕྲིན་ཞིག་སྩལ་བའི་ནང་། འདས་པའི་ཉིན་ཤས་ནང་ཧི་མ་ཅལ་ཁུལ་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཡུལ་མི་ ༥༠ ལྷག་རྐྱེན་འདས་སོང་བར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་བྱུང་ཞེས་བཀའ་སྩལ་འདུག

ཡང་༸གོང་ས་མཆོག་གི་གསུང་འཕྲིན་ནང་། ངོས་ཀྱིས་ཐེངས་འགའ་ཞུས་པ་བཞིན་ཧི་མ་ཅལ་མངའ་སྡེ་ནི་ངོས་ཀྱི་ཁྱིམ་ལྟ་བུ་ཆགས་ཡོད་པས། ཡུལ་འདིའི་ཡུལ་མི་རྣམས་ལ་རང་བཞིན་གྱིས་སེམས་ཚོར་ཡོད། ཅེས་དང་། ངོས་ནས་རང་བྱུང་གོད་ཆག་གི་རྐྱེན་པས་རྐྱེན་འདས་སོང་བའི་གཅེན་གཅུང་རྣམས་དང་། དེ་བཞིན་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག

 ཐེངས་འདིའི་རང་བྱུང་གོད་ཆག་ལ་རྒྱབ་སྐྱོར་མཚོན་ཆེད། ཏཱ་ལའི་བླ་མའི་ཐེབས་རྩ་ནས་ངལ་སེལ་རོགས་དངུལ་འབུལ་རྒྱུ་ཡིན་ཞེས་བཀའ་སྩལ་ཡོད་སྐོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

དེ་སྔོན་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཧི་མ་ཅལ་ཁུལ་དུ་ས་རུད་དང་ཆུ་ལོག་གི་རྐྱེན་པས་ཁྱོན་མི་གྲངས་ ༣༠ ཙམ་གྱི་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་སྩལ་ཡོད་ཅིང་། ཐེངས་འདིའི་ཆར་ཞོད་ཀྱི་རྐྱེན་པས་ཧི་མ་ཅལ་ཁུལ་དུ་སླར་ཡང་མི་གྲངས་ ༥༥ ལྷག་འདས་གྲོངས་སུ་གྱུར་ཡོད་པ་རེད། གཞི་རྩའི་རྒྱ་གར་གནམ་གཤིས་ལྷན་ཁང་ནས་འདི་ཚེས་ ༡༤ ཉིན་ཧི་མ་ཅལ་ཁུལ་དུ་ཆར་ཞོད་ཆེ་བའི་ཉེན་བརྡ་དམར་པོ་དེ་བཏང་ཡོད་པར་མ་ཟད། འདི་ཚེས་ ༢༠ ཉིན་ལའང་ཆར་ཞོད་ཆེ་བའི་ཉེན་བརྡ་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎