༸གོང་ས་མཆོག་ནས་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་དང་སྦྲགས། འབྱུང་འགྱུར་འཛམ་གླིང་འདིར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་རོགས་རམ་བྱ་དགོས་པའི་ལམ་སྟོན་བསྩལ་བ།

2024.01.01
༸གོང་ས་མཆོག་ནས་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་དང་སྦྲགས། འབྱུང་འགྱུར་འཛམ་གླིང་འདིར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་རོགས་རམ་བྱ་དགོས་པའི་ལམ་སྟོན་བསྩལ་བ། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༠༡།༠༡ ཉིན།
OHHDL

ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་། ཝར་ཎ་སློབ་ཟུར་ཚོགས་པ། སྤོན་ཌ་བོད་མིའི་གཞིས་ཆགས། དེ་བཞིན་ཞ་ལུ་དགོན་པ་དང་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་དགེ་རྩ་ཚོགས་པ། དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་ཁག་ཐུན་མོང་གིས་གོ་སྒྲིག་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་བཞུགས་གསོལ་གྱི་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། ང་ཚོ་འཛམ་གླིང་འདིའི་ནང་ཡོད་པའི་མི་ཐེར་འབུམ་བདུན་བརྒྱད་ཅིག་ཡོད་པ་རྣམས་ཆོས་ལུགས་དང་རྒྱལ་ཁབ། མི་རིགས་སོགས་ཀྱི་རྣམ་དབྱེ་སྤངས་ཏེ་མི་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ཕན་ཚུན་འཆམ་མཐུན་གྱིས། གཅིག་ཕན་གཅིག་གྲོགས་བྱེད་དགོས་པའི་ལམ་སྟོན་གནང་བ་དང་སྦྲགས། ཕྱི་ལོའི་ལོ་གསར་ལ་ཚང་མར་འཚམས་འདྲི་མཛད་གནང་སོང་བ་དང་མཚུངས། ༸གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་བའི་ནང་། དེ་རིང་འདིར་འཛོམས་པའི་བོད་རིགས་སྐྱ་སེར་རྣམས་ཀྱིས་གཙོ་བོར་གྱུར་པའི་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་པ་དང་། ཡང་སྒོས་སུ་མགོན་པོ་གང་ཉིད་ལ་འཛམ་གླིང་ནང་དགའ་མོས་བྱེད་མཁན་རྣམས་ཀྱིས་སེམས་ཤུགས་བསྐྱེད་ནས་དེ་རིང་བརྟན་བཞུགས་གནང་ཡོང་དུས། མགོན་པོ་གང་ཉིད་ནས་ཀྱང་ད་བར་འཛམ་གླིང་ནང་ཕན་ཐོགས་གང་འཚམས་བྱུང་ཡོད་པ་དང་། ད་དུང་ལོ་བརྒྱ་ཕྲག་རིང་ཕན་ཐོགས་ཡོང་རྒྱུ་གསལ་པོ་ཡིན་པའི་བཀའ་སློབ་བསྩལ་སོང་། 

དེ་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་ཀྱི་རྟེན་གསུམ་འདེགས་འབུལ་གནང་ཞིང་། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བརྟན་བཞུགས་ཕུལ་གནང་མཁན་ཚོགས་སྡེ་ཁག་ནས་དད་དམ་གཡོ་བ་མེད་པར། བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་སོང་། གཞན་ཡང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སྩལ་བའི་ནང་། འཛམ་གླིང་ནང་འབྱུང་བའི་གནོད་འཚེ་བྱུང་བ་ཁག་ཞི་ཐབས་ཀྱི་ཆེད་ཐུགས་སྨོན་གནང་དགོས་པའི་ལམ་སྟོན་མཛད་པ་མ་ཟད། ད་དུང་ཚོགས་ཐོག་ཏུ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཉམས་ལེན་ཡོང་བའི་ཆེད། སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་གཉིས་འཕྲེང་སྐོར་རེ་རེ་གསུང་འདོན་གནང་མཛད་སོང་བའི་མུར། མགོན་པོ་གང་ཉིད་ཀྱིས་མུ་མཐུད་བཀའ་གནང་བའི་ནང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ཏེ་རང་གཞན་གཉིས་ཕུང་གི་ལས་རྣམས་ཇེ་ཉུང་དང་། གཞན་ལ་ཕན་སེམས་ཀྱི་ལས་རྣམས་གོང་འཕེལ་དགོས་པའི་ལམ་སྟོན་མཛད་སོང་།

In between.jpg

ད་ལན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོས་གསལ་བསྒྲགས་ཞིག་སྤེལ་བའི་ནང་འཁོད་དོན་ལ། ཕྱི་ལོ་ ༢༠༢༠ ནས་ ༢༠༢༣ ལོའི་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དམ་བཅའ་བཞག་ཟིན་པའི་དགེ་བཤེས་ལྷ་རམས་པ་རྣམ་པར། འདི་ཚེས་ ༢ ནས་ ༣ གང་རུང་ཞིག་ལ་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོའི་ཐོག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུའི་གསལ་བསྒྲགས་ཀྱང་བསྐྱངས་གནང་འདུག

གསར་འགོད་པ། པདྨ་དངོས་གྲུབ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎