བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མུམ་བྷེ་གྲོང་ཁྱེར་ནང་ཞབས་སོར་བདེ་བར་འཁོད་སོང་།
2018.12.11

བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་ནང་ཞབས་སོར་འཁོད་ནས་མཛད་འཆར་ཁག་ཅིག་སྐྱོང་གནང་འཆར་འདུག
དེ་ཡང་འདི་ཚེས་༡༡་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལིིའི་ནང་། ཉིན་གྲངས་ལྔའི་རིང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་ནས་རྒྱ་གར་ཚོང་དོན་བསྟི་གནས་མུམ་བྷེ་གྲོང་ཁྱེར་ནང་གི་བཞུགས་གནས་(JW Marriott Mumbai Sahar)མགྲོན་ཁང་དུ་ཕྱི་ནང་མི་དམངས་ཀྱིས་ཕེབས་སུ་དང་བཅས་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། འདི་ཚེས་༡༢་ཉིན་མུམ་བྷེ་གཙུག་སློབ་གཉེར་ཁང་གི་ནང་། ནང་ཆོས་དང་འབྲེལ་བའི་བྱམས་སྙིང་རྗེའི་སྐོར་ཉིན་གསུམ་གྱི་རིང་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གི་དབུ་འབྱེད་མཛད་སྒོའི་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་གནང་རྒྱུ་དང་། ཕྱི་ཚེས་༡༣་ཉིན་མུམ་བྷེ་གྲོང་ཁྱེར་ནང་ཡོད་པའི་གུ་རུ་ན་ནག་སྒྱུ་རྩལ་དང་ཚན་རིག་དེ་བཞིན་ཚོང་རིག་བཅས་ཀྱི་མཐོ་སློབ་ཁང་གི་ནང་དུ་སྙིང་རྗེ་དང་ཀུན་ཁྱབ་འགན་ཁུར་དགོས་གལ་ཆེ་བའི་རང་བཞིན་སྐོར་བཀའ་སློབ་གནང་རྒྱུ། ཕྱི་ཚེས་༡༤་ཉིན་མུམ་བྷེ་གྲོང་ཁྱེར་གྱི་ནང་ཡོད་པའི་རྒྱ་གར་གྱི་འཕྲུལ་རིག་ཤེས་ཡོན་བསྟི་གནས་ཁང་གི་ནང་། དེང་དུས་སྤྱི་ཚོགས་ཀྱི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་འབྲེལ་བ་ཇི་ཆགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་ཞིང་། མུམ་བྷེ་གྲོང་ཁྱེར་ནང་། ཉིན་གསུམ་གྱི་མཛད་འཆར་བསྐྱངས་གནང་མཛད་སྐབས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པ་ཞེས་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མུམ་བྷེ་གྲོང་ཁྱེར་ནང་ཕེབས་བསུ་དང་མཉམ་ཁུལ་དེའི་རྒྱ་གར་མང་ཚོགས་ཁྲོད་བོད་དོན་ཐོག་དོ་སྣང་གོ་རྟོགས་སྤེལ་རྒྱུའི་ཆེད་རྒྱ་གར་གྱི་སྙན་གྲགས་ཅན་གྱི་པར་པ་(suresh natrajan)ལགས་ཀྱི་བསྒྲོན་པའི་གོང་ས་མཆོག་གི་སྐུ་པར་དང་། རྒྱ་གར་གྱི་རི་མོ་བ་(ravi kiran parmeshwar)་ལགས་ཀྱིས་བོད་དོན་དང་འབྲེལ་བའི་ཚོན་རྩི་རི་མོའི་འགྲེམ་སྟོན་དང་། གཞན་ཡང་བོད་དོན་དང་འབྲེལ་བའི་གློག་བརྙན་ཁག་ཅིག་གཟིགས་འབུལ་ཞུས་གནང་འཆར་འདུག
གཞན་ཡང་ཁོང་རྣམ་པས་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྦེང་ལོར་སྨན་ཁང་གི་ཨེམ་རྗེ་རྡོ་རྗེ་རབ་བརྟན་ལགས་མགྲོན་འབོད་ཀྱིས་བོད་སྨན་སྐོར་གསུང་བཤད་དང་། རིན་མེད་ཀྱི་ཐོག་ནད་པ་བརྟག་དཔྱད་གནང་གི་ཡོད་པ་རེད།
གསར་འགོད་པ་པདྨ་དངོས་གྲུབ་དང་། དོན་གྲུབ་རྣམ་རྒྱལ།