༧གོང་ས་མཆོག་གིས་ཚོགས་ཆེན་ལ་གསུངས་འཕྲིན་སྩལ་གནང་འདུག
2015.11.04

བོད་དོན་རྒྱབ་སྐྱོར་ནི་བོད་མི་རྣམས་ལ་སེམས་སྐུལ་དང་བློ་སྟོབས་འཕེལ་གཞི་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་ཞེས་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཤར་མངའ་སྡེ་Assamགྱི་གྲོང་ཁྱེར་Guwahatiའི་ནང་ཚོགས་པའི། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་༧གོང་ས་མཆོག་གིས་གསུངས་འཕྲིན་སྩལ་ཡོད་པ་དང་། གསུངས་འཕྲིན་ནང། བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ལོ་༥༦་ལྷག་འགྲོ་ཡི་ཡོད་པ་དང་། རྒྱལ་ཁག་གཅིག་གི་རྒྱལ་རབས་ལོ་རྒྱུས་ནང་དེ་ནི་དུས་ཡུན་ཐུང་ངུ་ཞིག་ཡིན་རུང་མི་སྒེར་གྱི་མི་ཚེའི་ནང་གི་དུས་ཡུན་རིང་པོ་ཞིག་རེད། དེ་ལྟར་ཡིན་མིན་ལ་མ་ལྟོས་པར་བོད་ནང་གི་བོད་མི་རྣམས་དཀའ་སྡུག་ཆེན་པོར་གདོང་ལེན་གནང་དགོས་ཡོད་རུང་། སེམས་ཤུགས་འགྱུར་མེད་བརྟན་པོ་གནས་ཡོད། རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་གཉིས་བླ་མ་དང་སློབ་མའི་འབྲེལ་བ་ཆེན་པོ་ཡོད་ལ་བོད་མིས་ན་ལན་དྲ་ལས་བྱུང་བའི་ནང་པའི་ཆོས་བརྒྱུད་མི་ཉམས་བརྒྱུད་འཛིན་གནང་སྟབས་བོད་མི་རྣམས་བློས་བཀེལ་ཐུབ་བའི་སློབ་མ་ཡིན།
ཡང་དེང་སྐབས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཉམས་ཆགས་ཆེན་པོ་འགྲོ་བཞིན་པར་། ༧གོང་ས་མཆོག་ཐུགས་འཚབ་ཡོད་པ་སྤྱི་དང་ལྷག་དོན་དུ་བོད་ནི་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་བྱུང་ཁུངས་ཡིན་སྟབས། དེ་དག་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེ་ཡིན་སྐོར་དང་། དེང་སྐབས་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་ཀྱི་ངོ་བོ་ཉམས་བཞིན་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་ཞི་བདེ་དང་། འཚེ་བ་མེད་པའི་བོད་ཀྱི་རིག་གཞུང་ལ་ཉམས་སྐྱོན་འགྲོ་ཉེན་ཡོད་པ། བོད་ནང་རྒྱ་ཧན་མི་རིགས་འབོར་ཆེན་གནས་སྤོ་མུ་མཐུད་བྱེད་བཞིན་པའི་རྐྱེན་གྱིས་བོད་མི་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་ལ་འགྱུར་བཞིན་ཡོད་པས་ན་རྒྱལ་སྤྱིས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་སྤྱི་དང་། ལྷག་དོན་དུ་རྒྱ་གར་མི་མང་གིས་བོད་དོན་རྒྱབ་སྐྱོར་གནང་མུས་དེ་ནི་དེ་ལས་གལ་གནད་ཆེ་བ་ཡིན་པ་རྒྱལ་རབས་ལོ་རྒྱུས་ལ་ཞིབ་འཇུག་དང་ཚོགས་འདུ་སོགས་སྐོང་གནང་སྟེ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གནས་བབ་དང་། ལས་འགན་འབྲེལ་ལམ་སྲ་བརྟན་ཡོང་བའི་རྨང་གཞི་བརྟན་པོ་བཙུགས་དགོས་སྐོར་དང་། བོད་ཀྱི་གནད་དོན་དེ་བཞིན་དྲང་བདེན་ཐོག་ནས་སེལ་བའི་ཐུགས་རེ་བཟང་པོ་གནང་གི་ཡོད་པ་དང་། ད་རེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ནང་ལྷན་བཞུགས་གནང་མཁན་ཡོངས་ཀྱིས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་གི་ཡོད་པ་མཚོན་སྟབས། དེ་ནི་བོད་མི་རྣམས་ལ་སེམས་སྐུལ་དང་བློ་སྟོབས་འཕེལ་གཞི་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་བཀྲིས་བདེ་ལེགས་ཡོད་ཅེས་གསུངས་འཕྲིན་སྩལ་གནང་མཛད་འདུག
གོང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཕྱི་ཚེས་༣་ཉིན་ལེགས་གྲུབ་ཟིན་ནས། མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་Ajay Duttaམཆོག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Dr. NK Trikhaམཆོག བོད་དོན་རྒྱབ་སྐྱོར་བ་Dr. DK Palལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་སོགས་མི་གྲངས་༢༠༠་ལྷན་བཞུགས་གནང་འདུག
སྐབས་དེར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་Ajay Duttaམཆོག་ནས། བོད་ནི་འཛམ་གླིང་གི་ཡང་ཐོག་ཡིན་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་མགོན་སྐྱབས་ཡིན་པ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་དང་། ཞི་བའི་མཚོན་རྟགས་ཤིག་ཡིན་སྟབས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་ཡི་ཡོད། བོད་ནི་ནང་པ་སངས་རྒྱས་པའི་ཆོས་ཉམས་བྱེད་མཁན་ཞི་བདེའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། འཕགས་བོད་གཉིས་ནི་ལོ་ཧ་ཅང་མང་པོའི་རིང་བློ་ཐག་ཉེ་ཤོས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱ་མི་དམར་པོས་ཞི་བདེ་ལྡན་པའི་བོད་ཧམ་བཟུང་བྱས་ནས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དང་། དགོན་པ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བའི་རྐྱེན་གྱིས་༧གོང་ས་མཆོག་སྐུ་ན་ཧ་ཅང་ཕྲ་བའི་དུས་སུ་རྒྱ་གར་ལ་ཞབས་སོར་འཁོད་དགོས་བྱུང་ཡོད། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་ལ་ཞབས་སོར་འཁོད་ནས་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་རྒྱུར་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་འདུག
ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། འཕགས་བོད་གཉིས་ནི་ལོ་སྟོང་ཕྲག་མང་པོའི་གོང་ནས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད། ཆོས་དང་སྐད་ཡིག ལེགས་བྱང་སོགས་ཕན་ཚུན་གཉིས་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཤུགས་ཆེ་ཡོད་སྐོར་སོགས་གཏམ་བཤད་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།