༧གོང་ས་མཆོག་གིས་ལ་ཐི་ཝུ་ཡའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད།
2017.09.25
བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཐི་ཝུ་ཡ་དང་དེ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་དང་དུས་མཚུངས་སུ་ཡུལ་དེའི་ནང་ཆོས་འབྲེལ་མུ་མཐུད་སྐྱོང་གནང་མཛད་བཞིན་པ་རེད།
དེ་ཡང་སྐུ་སྒེར་ཡིག་ཚང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། འདི་ཚེས་༢༤་ཉིན་༧གོང་ས་མཆོག་ལ་ཐི་ཝུ་ཡའི་ཁྲིམས་དཔོན་ཟུར་བ་ཞིག་གི་གཙོས་གྲོས་ཚོགས་འཐུས་མི་གཉིས་དང་། ཨུ་སི་གྲོ་ནི་ཡའི་གྲོས་ཚོགས་འཐུས་མི་གསུམ་(Lithuania)་ནས་གྲོས་ཚོགས་འཐུས་མི་བཞི་བཅས་དང་ལྷན་དུ་ཞོགས་པའི་གསོལ་ཚིགས་དང་སྟབས་བསྟུན་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་ཡོད་ཅིང་། སྐབས་དེ་དུས་ལ་ཐི་ཝུ་ཡའི་གྲོས་ཚོགས་འཐུས་མི་(Andris Buikis)་མཆོག་གིས་༧གོང་ས་མཆོག་ལ་གསུང་མོལ་ཞུ་སྐབས་གོང་བརྗོད་ཀྱི་རྒྱལ་ཁབ་འདི་གསུམ་མི་ལོ་༥༠་རིང་གཞན་གྱི་དབང་བསྒྱུར་འོག་གནས་དགོས་བྱུང་བའི་གནས་སྟངས་སྐོར་དྲན་གསོ་ཞུས་པའི་ལམ་ནས་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་བོད་མི་ཚོར་འཕྲད་བཞིན་པའི་དཀའ་སྡུག་སོགས་ངོ་འཕྲོད་པ་ཙམ་དུ་མ་ཟད། ཁོང་ཅག་གི་གནས་བབ་ལ་སེམས་ཁུར་ལེན་ཐུབ་པའི་རྣམ་འགྱུར་གསལ་སྟོན་གནང་ཡོད་པའི་ཁར་གཞན་ད་དུང་གྲོས་ཚོགས་འཐུས་མིའི་ངོས་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་འདྲ་ཞིག་གནང་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཁོང་ཚོའི་ངོས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་ལ་ཐུགས་འཚབ་ཡོད་པའི་བསམ་ཚུལ་གླེང་བའི་སྐབས་སུ་རྒྱ་ཕྱོགས་ནས་བོད་ནང་གང་ཅིའི་ཐད་ཡག་པོ་ཡོད་ཟེར་དུས། ང་རང་ཚོ་བོད་ནང་བསྐྱོད་བཅུག་དང་། བོད་ཀྱི་སྐད་ཡིག་དང་། ཤེས་ཡོན། རིག་གཞུང་ཙམ་དུ་མ་ཟད། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་སྤྱི་ལ་ཁོང་ཅག་རང་ངོས་ནས་མཐོང་འདོད་ཡོད་ཅེས་ཞུ་དགོས་ཞེས་བཀའ་བསྩལ་གནང་མཛད་ཡོད་པ་རེད།
༧གོང་ས་མཆོག་གིས་བོད་རྒྱའི་དབར་གྱི་འཐབ་རྩོད་ཀྱི་ངོ་བོ་དེ་བཞིན་བཙན་དབང་དང་དྲང་བདེན་གྱི་དཀའ་རྙོག་ཅིག་ཡིན་པས། མེ་མདའི་སྟོབས་ཤུགས་དེ་ཁ་རེ་ཁ་ཐུག་གིས་བལྟས་ན་ནུས་པ་ལྡན་པ་ཞིག་ཡིན་ཡང་རྒྱང་རིང་གི་ཆ་ནས་བལྟས་ན་དྲང་བདེན་ལ་དུས་ནམ་ཡང་ནུས་སྟོབས་ཡོད་པ་རེད་ཅེས་བཀའ་བསྩལ་གནང་མཛད་ཡོད་པ་རེད། ༧གོང་ས་མཆོག་གིས་ཡུལ་དེའི་ནང་དད་ལྡན་ཆོས་ཞུ་ཚོར་མུ་མཐུད་ཆོས་འབྲེལ་སྐྱོང་བཞིན་པ་རེད།
གསར་འགོད་པ་བོད་རྒྱལ།