༸གོང་ས་མཆོག་གིས་མར་ཊིན་ལུ་ཐར་ཀིང་མཆོག་གི་སྲས་ལ་མཇལ་ཁ་སྩལ་བ།
འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་མི་རིགས་ནག་པོའི་སྤྱི་དམངས་ཀྱི་རང་དབང་དབུ་ཁྲིད་དང་། ཕྱི་ལོ་ ༡༩༦༤ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་མཆོག་གི་སྲས་མར་ཊིན་ལུ་ཐར་ཀིང་ ༣ པ་བཞུགས་སྒར་དུ་ཆེ་བཅར་གྱིས། འདི་ཚེས་ ༡༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁའི་སྐབས་༸གོང་ས་མཆོག་གིས། ངོས་ནས་འཛམ་གླིང་ནང་མི་ཐེར་འབུམ་ ༧ ནས་ ༨ ཡོད་པ་རྣམས་གཅིག་གྱུར་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། གལ་ཆེ་བ་ཞིག་ནི་ང་ཚོ་ཚང་མ་ལ་དམིགས་ཡུལ་གཅིག་ཡོད་པ་དེ་ནི་འཛམ་གླིང་ནང་ཞི་བདེ་དེ་རེད་ཅེས་དང་། ཆོས་བྱེད་མིན་ནི་སྒེར་གྱི་གནད་དོན་ཞིག་ཡིན་ཞེས་དང་། གང་ལྟར་མདོར་བསྡུས་ན། ང་ཚོ་ཚང་མ་གཅིག་གྱུར་ཡིན་ཞེས་དང་། ང་ཚོ་ཐོག་མ་སྐྱེས་དུས་གཅིག་གྱུར་ཡིན་པ་བཞིན་མ་འོངས་འཆི་དུས་ཀྱང་གཅིག་གྱུར་ཡིན་པས། ད་ལྟ་ང་ཚོ་འཚོ་བཞིན་པའི་སྐབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ལ་བསམ་བློ་གཏོང་དགོས་ཞེས་བཀའ་སྩལ་ཡོད་པ་རེད།
ཡང་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་ ༣ པའི་བུ་མོ་ Yolanda Renee King ལགས་ནས་༸གོང་ས་མཆོག་ལ། དེང་གི་གཞོན་སྐྱེས་རྣམས་ནས་མགོན་པོ་གང་ཉིད་ཀྱི་བསླབ་བྱ་རྣམས་གཙོ་འདོན་གང་འདྲ་གནང་དགོས་ཀྱི་ཡོད་པའི་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས། ང་ཚོས་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་ཡག་པོ་གཏོང་དགོས་རྒྱུ་གལ་ཆེ་ཡིན་ཞེས་དང་། འདས་པའི་ལོ་དུས་ནང་དཀའ་ཚེགས་བྱུང་བ་རྣམས་ནི་འགྲོ་བ་མིས་བཟོས་པ་ཤ་སྟག་ཡིན་ཞེས་དང་། འདས་ཟིན་པའི་ལོ་དུས་ནང་ཆོས་ལུགས་ཕན་ཚུལ་དང་མི་རིགས་ནང་ཁུལ་སོགས་ལ་གཙོ་འདོན་བྱས་རྐྱེན། འཛམ་གླིང་འདིའི་ནང་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་བྱུང་ཡོད་ཅེས་དང་། ད་ཆ་ང་ཚོས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ལ་བསམ་བློ་གཏོང་དགོས་ཞེས་བཀའ་སྩལ་ཡོད་པ་རེད།
མཇལ་ཁ་གྲུབ་མཚམས་སུ་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་ ༣ པས་གསར་འགོད་པ་ཚོར་བཀའ་མོལ་གནང་སྐབས། དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བ་དང་མགོན་པོ་གང་ཉིད་མཆོག་གི་བྱིན་རླབས་ཐོབ་པ་ནི་ང་ལ་མཚོན་ན་བསམ་བརྗོད་ལས་འདས་པའི་ཚོར་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། མགོན་པོ་གང་ཉིད་མཆོག་གི་འཛམ་གླིང་སྤྱིའི་བདེ་རྩར་ཕན་པ་དང་། ལྷག་པར་ད་ལྟ་ཚར་ལོངས་ཡོང་བཞིན་པའི་བྱིས་པ་རྣམས་ལ་མ་འོངས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐབས་སོགས་ཀྱི་ཐད་བཀའ་སློབ་ལྷུག་པོ་སྩལ་སོང་བས་ཧ་ཅང་དགའ་པོ་བྱུང་ཞེས་དང་། དེ་རིང་སླར་ཡང་མཇལ་རྒྱུ་བྱུང་བར་མ་ཟད། དེ་སྔོན་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་སྐར་སྐབས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ངའི་བཟའ་ཟླ་དང་བུ་མོ་མཉམ་འཛོམས་ཀྱིས། ༸སྐུའི་འཁྲངས་སྐར་བསུ་རྒྱུའི་གོ་སྐབས་བྱུང་ཞེས་དང་། དེ་རིང་ང་རང་བཞུགས་སྒར་དུ་ཡོང་དོན་ནི་ Realize The Dream ཞེས་པའི་ལས་གཞི་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། ངའི་ཕ་དམ་པས་རྟག་དུ་རང་དབང་དྲང་བདེན་གྱི་ཐོག་ཤར་བསྐྱོད་གནང་ཡོད་སྐབས། ༸གོང་མཆོག་གིས་ཀྱང་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐོག་མཛད་པ་སྐྱོང་མུས་ཡིན་ཞེས་དང་། ད་ལྟའི་འཛམ་གླིང་ནང་དཀའ་ངལ་ཆེ་ཤོས་ཤིག་ནི་ང་ཚོ་གནད་དོན་བྱེ་བྲག་པ་ཁག་ཅིག་གིས། ནང་ཁུལ་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་སྐྲུན་བཞིན་ཡོད་ཅིང་། ང་ཚོ་ཚང་མ་མདུན་སྐྱོད་བྱེད་དགོས་ཚེ་ང་ཚོས་ངེས་པར་དུ་མཉམ་རུབ་གནང་རྒྱུ་གལ་ཆེ་ཡིན་ཞེས་གསུངས་སོང་།
ཐེངས་འདིའི་མཇལ་ཁའི་ཁོངས་སུ་ཁོང་གི་བཟའ་ཟླ་ལྕམ་ Arndrea Waters King ལགས་དང་བུ་མོ་ Yolanda Renee King བཅས་ཡོད་ཅིང་། ཁོང་གི་བུ་མོས་ཐེངས་འདིའི་མཇལ་ཁ་ནི་ཁོང་སྒེར་ལ་མཚོན་ན་སེམས་ཤུགས་གསར་པ་ཞིག་བསྐྲུན་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མའི་སྐུ་མདུན་ནས་བསླབ་བྱ་ཞུ་རྒྱུ་བྱུང་བ་ནི་རྨོངས་པ་སེལ་རྒྱུའི་གོ་སྐབས་ཤིག་དང་གཅིག་མཚུངས་པ་ཚོར་བྱུང་ཞེས་དང་། ང་ཚོས་ངེས་པར་དུ་སོ་སོའི་མི་ཚེའི་ནང་བསླབ་བྱ་གང་མང་ཞུ་རྒྱུ་གལ་ཆེ་ཡིན་ཞེས་གསུངས་སོང་།
ཡང་གསར་འགོད་པས་མར་ཊིན་ལུ་ཐར་ཀིང་ ༣ པ་མཆོག་ལ་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐད་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར། ཁོང་གིས། ངའི་བསམ་པར་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློ་ལོན་པའི་ཐོག་ནས་རིམ་པའི་རྒྱ་ནག་ནང་འགྱུར་བ་ཞིག་ཡོང་གི་རེད། གང་ཡིན་ཟེར་ན། སུ་འདྲ་ཞིག་ལ་གདུག་རྩུབ་གཏོང་བ་ནི་ནོར་འཁྲུལ་ཞིག་རེད། ངའི་ཕ་དམ་པས་ཀྱང་། གང་དུ་དྲང་བདེན་མེད་པ་དེས་དྲང་བདེན་སྤྱི་ལ་གནོད་འཚེ་ཡིན་ཞེས་གསུངས་པ་བཞིན་རེད་ཅེས་གསུངས་སོང་།
ཐེངས་འདིར་མར་ཊིན་ལུ་ཐར་ཀིང་ ༣ པ་བཞུགས་སྒར་དུ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དེའི་སྐོར་༸སྐུའི་དབྱིན་ཇིའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་གཙོ་བོ་ཁེ་ན་ཌར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་བསྟི་གནས་དང་མར་ཊིན་ལུ་ཐར་ཀིང་ཐེབས་རྩ་གཉིས་ཟུང་འབྲེལ་གྱིས། ༸གོང་ས་མཆོག་གི་དགོངས་གཞི་རྣམས་གཞོན་སྐྱེས་ལ་ཁྱབ་ཆེ་སྤེལ་ཐབས་སླད་ཆེད་བཅར་ཞུས་པ་ཞིག་ཡིན་སྐོར་དང་། རྒྱུན་དུ་༸གོང་ས་མཆོག་ནི་མར་ཊིན་ལུ་ཐར་ཀིང་མཆོག་ལ་གུས་བརྩི་ཤུགས་ཆེ་མཛད་མཁན་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་མར་ཊིན་ལུ་ཐར་ཀིང་མཆོག་ནི་བདག་ཆེན་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་ཞིང་། དམ་པ་ཁོང་ནས་ཨ་རིའི་ནང་མི་རིགས་ནག་པོའི་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཆེད་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་ཤུགས་ཆེ་སྤེལ་ཡོད་ཅིང་། ཕྱི་ལོ་ ༡༩༦༤ ལོར་དམ་པ་ཁོང་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།