༧གོང་ས་མཆོག་གིས་སྐུ་ཞབས་མཱཀ་རོན་ལགས་སུ་སླར་ཡང་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག
ཕྱི་ཟླ་༤ཚེས་༢༤ཉིན་ཧྥ་རན་སིའི་སྲིད་འཛིན་གྱི་དངོས་གཞིའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར། ལས་ཐོག་སྲིད་འཛིན་སྐུ་ཞབས་ཨེ་མོ་ནུའེལ་ མཱཀ་རོན་(Emmanuel Macron)་ལགས་སུ་འོས་གྲངས་བརྒྱ་ཆ་༥༨དང་ཚེག་༢ཐོབ་ནས་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། གོ་སྐབས་འདི་བརྒྱུད་ནས་ཁྱེད་ལ་འཚམས་འདྲི་དང་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་འཕྲིན་བསྩལ་གནང་འདུག
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་ཁོང་གཉིས་དེ་སྔ་ཕྱི་ལོ་༢༠༡༦ལོར་ཧྥ་རན་སི་ནས་མཇལ་འཕྲད་གནང་ཡོད་པ་དང་། གཞན་ཧྥ་རན་སིའི་མི་མང་དང་སྲིད་འཛིན་རིམ་པས་བོད་ཀྱི་ཆོས་དང་རིག་གཞུང་དེ་རྩ་ཆེན་པོར་ངོས་འཛིན་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་སྐོར་གསུངས་བྱུང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་། བོད་མི་ཚོས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཁེ་ཕན་ཡོད་པའི་གནའ་རབས་ཀྱི་ནང་པའི་ཆོས་ལུགས་བདག་གཅེས་དང་སྲུང་སྐྱོང་བྱེད་པར་ཧྥ་རན་སིའི་སྲིད་འཛིན་དང་མི་མང་ནས་མཛའ་བརྩེ་དང་སྐུལ་ལྕགས་ཐོབ་པ་ནི། བོད་མི་ཚོའི་བསོད་ནམས་ཉག་ཅིག་ཡིན་པ་དང་། ངོས་ཀྱིས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་གོ་སྐབས་འདི་བརྒྱུད་ནས་སྐུ་ཉིད་ལ་འཚམས་འདྲི་དང་། སྐུ་ཉིད་ནས་ཧྥ་རན་སི་མི་མང་གི་རེ་བ་དང་མངོན་འདོད། དེ་བཞིན་འཛམ་གླིང་འདིར་དེ་སྔ་ལས་ལྷག་པའི་ཞི་བདེ་དང་འཆམ་མཐུན་ཡོང་བའི་ལས་དོན་ལམ་ལྷོངས་ཡོང་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་འཁོད་འདུག
ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། ཡུལ་དེའི་གཡས་ཕྱོགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་(national rally)་ཡི་སྲིད་འཛིན་འོས་མི་ལྕམ་ལི་ཕིན་(Marine Le Pen)་ལགས་སུ་འོས་གྲངས་བརྒྱ་ཆ་༤༡དང་ཚེག་༨དང་། གུ་ཡངས་སྲིད་དོན་ཚོགས་པའི་(liberal political party)་སྲིད་འཛིན་འོས་མི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་མཱཀ་རོན་(Macron)་ལགས་སུ་འོས་གྲངས་བརྒྱ་ཆ་༥༨.༢བཅས་ཐོབ་སྟེ་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡོད་པ་ཡིན་པ་དང་། སྲིད་འཛིན་མཱཀ་རོན་ལགས་འདི་ལོ་དགུང་ལོ་༤༤དང་ཕྱི་ལོ་༢༠༡༧ལོ་ནས་བཟུང་ཧྥ་རན་སིའི་སྲིད་འཛིན་ལས་དོན་ཐོག་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།