༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ད་དུང་ཡང་ལོ་མང་༧སྐུ་ཚེ་བརྟན་ཏེ་འཛམ་གླིང་སྤྱི་དང་ལྷག་པར་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་ཅན་གྱི་རྒྱ་རིགས་ཚོར་ཕན་ཐོགས་མཛད་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སྩལ་འདུག

2025.03.05
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ད་དུང་ཡང་ལོ་མང་༧སྐུ་ཚེ་བརྟན་ཏེ་འཛམ་གླིང་སྤྱི་དང་ལྷག་པར་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་ཅན་གྱི་རྒྱ་རིགས་ཚོར་ཕན་ཐོགས་མཛད་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སྩལ་འདུག བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༣།༠༥
OHHDL

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་སླད་མར་ཡང་དགུང་གྲངས་བརྒྱ་དང་བཅུ་གསུམ་ལྷག་འཚོ་བཞུགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་འགྲོ་བ་མིའི་རིགས་ཀྱི་ཕན་བདེར་ཞབས་འདེགས་བསྒྲུབ་རྒྱུར་ཐུགས་ཁུར་ཆེ་བཞེས་མཛད་རྒྱུའི་བཀའ་བཞེས་བསྐྱར་ནན་མཛད་སོང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་ལྡན་ཕོ་བྲང་དང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། རྒྱལ་སྤྱིའི་ཁྱོན་གྱི་རྣམ་གྲྭ་ཟུར་པ་ཐུན་མོང་གི་ཐོག་ནས། ཕྱི་ཟླ་ ༣ ཚེས་ ༥ ཉིན་བཞུགས་སྒར་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་བཞུགས་པར་ལྷ་མོའི་ལུང་བསྟན་ཡོད་པ་དང་། དེའི་རིང་འཛམ་གླིང་སྤྱིའི་མི་ཚོར་གང་ལ་གང་འཚམ་གྱི་ཕན་ཐོགས་བྱེད་ཐུབ་པ་དང་། ལྷག་པར་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་ཚོར། བསམ་པ་རྣམ་དག་གིས་ཕན་ཐོགས་བྱེད་ཐུབ་པའི་རེ་བ་གནང་གི་ཡོད་པ་སོགས་བཀའ་སྩལ་གནང་འདུག

གཞན་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་ཕར་དང་རྣམ་འགྲེལ། བསྡུས་གྲ་སོགས་ཆོས་ཀྱི་སྐད་ཆ་མིན་པར། མི་ལ་སེམས་ཁམས་རིག་པ་དང་བསྟུན་ནས་འཛམ་གླིང་ཞི་བདེ་དང་། སེམས་འཁྲུག་བསྡད་པ་རྣམས་ལྷོད་ལྷོད་ཡོང་རྒྱུར་ཕན་ཐོགས་ཡོད་པ་སོགས་ལམ་སྟོན་ཕེབས་འདུག

2025-03-05-Dharamsala-G24_SA17239.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་བཤད་གནང་བཞིན་པ།

བརྟན་བཞུགས་སྐབས་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་བཅར་ཡོད་པ་དང་མཚུངས་སུ། ནང་ཆོས་ཉམས་ལེན་པ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁནཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡེར་ལགས་ཀྱང་ཆེད་དུ་བཅར་ཡོད་པས། ཁོང་གིས་བརྟན་བཞུགས་འདི་ཐུན་མོང་མ་ཡིན་པའི་བྱིན་རླབས་ཆེན་པོ་བྱུང་བ་དང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མི་དང་རྒྱ་རིགས་རྣམས་ལའང་བདེ་སྐྱིད་ཡོང་བའི་ཐུགས་ཁུར་ཆེ་བཞེས་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་དོན་ལ། ང་རང་བརྟན་བཞུགས་ལ་ཐེངས་མང་པོ་བཅར་མྱོང་སྟེ་ད་རེས་ཀྱི་བརྟན་བཞུགས་འདི་ནི་ཧ་ཅང་དམིགས་བསལ་ཅན་ཞིག་བྱུང་། བརྟན་བཞུགས་འདི་ཤིན་ཏུ་ནས་བྱིན་རླབས་ཆེན་པོ་དང་ཚོར་བ་གཏིང་ཟབ་པོ་བྱུང་བ་མ་ཟད། མགོན་པོ་མཆོག་གིས་འཛམ་གླིང་སྤྱིའི་དོན་དུ་ཐུགས་བསྐྱེད་དང་ཐུགས་འགན་ཇི་ཙམ་བཞེས་པའི་གསུང་གི་བདུད་རྩི་ངོ་མཚར་ཅན་ཞེ་གཅིག་སྩལ་བྱུང་བའི་ཁར། འདི་ལོ་ནི་མགོན་པོ་གང་གིས་འཛམ་གླིང་གང་སར་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དེ་མི་ལོ་དགུ་བཅུ་འཁོར་གྱི་ཡོད་པས། ཁོང་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག།བརྟན་བཞུགས་སྐབསགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། བོད་ནང་གི་བོད་མི་དང་རྒྱ་རིགས་ཚོ་ལའང་ཐུགས་ཁུར་ཆེ་བཞེས་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཁོང་གིས་བར་ལམ་ཁོང་རང་ནད་མནར་གྱི་སྐབས་བོད་ནང་གི་བོད་མི་ཚོས་ཁོང་ལ་ཞབས་རིམ་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མུ་མཐུད་བོད་ནང་གི་བོད་མི་ཚོའི་དོན་དུ་དཀའ་ལས་བརྒྱབ་རྒྱུའི་དམ་བཅའ་ཡོད་པ་འགྲེལ་བརྗོད་གནང་དོན་ལ། ང་ད་ལྟ་བདེ་ཐང་ཡིན་པས་བོད་ནང་གི་གྲོགས་ཕོ་མོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག།བོད་མི་ཚོས་ངའི་དོན་དུ་ཞབས་རིམ་གསོག་སྒྲུབ་དང་ཐུགས་འཚབ་གནང་བ་ཤེས་ཚོར་བྱུང་ལ། རྣམ་པ་ཚོས་སྨོན་ལམ་གནང་བའི་མཐུས་ང་དྲག་བསྐྱེད་གང་ལེགས་བྱུང་སྟེ། ལུས་སེམས་སྟོབས་དང་ལྡན་པའི་སྒོ་ནས་ཁྱེད་རྣམ་པའི་དོན་ལ་དཀའ་ལས་བརྒྱབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པའི་མུར། གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ཐག་ཉེ་བོའི་ལམ་ནས་བོད་དོན་སེལ་རྒྱུའི་ཐབས་ལམ་འཚོལ་འདུན་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། བརྟན་བཞུགས་དུ་དགའ་ལྡན་ཕོ་བྲང་གི་ལས་བྱེད་དང་ལས་བྱེད་ཀྱི་ནང་མི་ལྟོས་བཅས། རྣམ་རྒྱལ་གྲྭ་ཚང་དང་རྣམ་གྲྭ་ཟུར་པ་དང་ཁོང་ཚོའི་ནང་མི་སོགས་ཁྱོན་བསྡོམས་པའི་མི་གྲངས་དྲུག་བརྒྱ་ནས་བདུན་བརྒྱ་བར་བཅར་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བརྟན་བཞུགས་སྐབས་ཆེད་བཅར་རང་བྱུང་རྣལ་འབྱོར་མ་མཁའ་འགྲོ་མ་རྣམ་གསལ་སྒྲོལ་མ་ལགས་ནས། གོང་ས་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཆེད་དང་། བོད་བསྟན་སྲིད་སྤྱིའི་ཞབས་རིམ་གང་ཐུབ་བསྒྲུབས་པ། ལྷག་པར་དག་སྣང་གསང་བ་རྒྱ་ཅན་དང་གུ་རུའི་འབུམ་ཚོགས་འདྲ་མིན་སྣ་ཚོགས་ཉམས་ལེན་གྱིས་སྒྲུབ་པ་གནང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གོང་ས་ལྔ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནསསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་འདིར། རྡོ་རྗེ་སློབ་དཔོན་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་དང་། བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་ཡོད་ཅིང་། དགའ་ལྡན་ཕོ་བྲང་དང་རྣམ་རྒྱལ་གྲྭ་ཚང་། རྣམ་གྲྭ་ཟུར་པ་བཅས་ཐུན་མོང་གི་བརྟན་བཞུགས་འདི་ནི་བོད་ཤིང་མོ་སྦྲུལ་ལོའི་ལོ་གསར་པའི་ནང་།གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་བཞུགས་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎