སྟོད་པ་སྐྱིད་སྡུག་དང་སྤུ་ཧྲེང་མི་མང་གིས་མཉམ་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག
རིང་མིན་ཕྱི་ལོ་༢༠༢༤ཕྱི་ཟླ་བཞི་པའི་ཚེས་གསུམ་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྟོད་པ་སྐྱིད་སྡུག་དང་སྤུ་ཧྲེང་མི་མང་གིས་མཉམ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་བཞི་པའི་ཚེས་བཅུ་དགུ་དང་ཉི་ཤུ་ཉིན་གྲངས་གཉིས་རིང་། སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིགས་ཚོགས་ཆུང་གི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་དགའ་ལྡན་ལྷ་རྒྱ་མའི་ཆོས་འབྲེལ་སྩལ་གནང་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ནང་གསལ་འདུག
སྤྱིར་བཏང་ཕྱི་ལོ་༢༠༢༤ལོ་འདིའི་ནང་། ཕྱི་ལོ་གསར་ཚེས་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་དང་། དེ་ནས་བཞུགས་སྒར་རྡ་རམ་ས་ལར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་རྣམ་ཟུར་རྣམ་པས་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་རེད། བོད་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་ལ་ཆོས་འབྲེལ་སྩལ་གནང་ཡོད་པ་རེད། རིམ་བཞིན་དགེ་འདུན་བཙུན་མང་ཁག་ཅིག་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་བཅོག་གནང་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ནང་གཉིས་ཀྱི་མི་མང་ལ་དུས་ནས་དུས་སུ་མཇལ་ཁ་སྩལ་གནང་བ་དང་། ལྷག་པར་དུ་འདས་པའི་ཉིན་ཤས་ནང་ཨོསི་ཊརེ་ལི་ཡ་དང་། ཧྥ་རན་སི་སོགས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིའི་སྐུ་ཚབ་ཁག་ཅིག་དང་། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟག་བཞེས་མྱོང་མཁན་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་བ་སོགས་ཀྱི་མཛད་འཕྲིན་དུ་མ་ཞིག་བསྐྱོངས་གནང་མཛད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིང་མིན་ཕྱི་ཟླ་དྲུག་པའི་ཚེས་བཅུ་གཅིག་སྟེ་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་ཉིན་བཞུགས་སྒར་དུ། དེ་སྔའི་བོད་གཞུང་གི་སྲི་ཞུའི་ལས་བྱེད་ཟུར་པ་རྣམས་དང་། སྐུ་སྲུང་ཟུར་པའི་ཚོགས་པ། འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་ཟུར་པ་བཅས་སྡེ་ཁག་ཅིག་བཅས་ཐུན་མོང་གིས་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།