ཁམས་ཀ་ཿཐོག་གཞིས་ཆགས་ཀྱི་དགོན་གྲོང་གཉིས་ཀྱིས་སྤྱི་ནོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིར་མོའུར་རྫོང་ཁོངས་སུ་ཆགས་པ། ཁམས་ཀ་ཿཐོག་གཞིས་ཆགས་དགོན་གྲོང་གཉིས་ཀྱི་ངོས་ནས། སྤྱི་ཟླ་༤པའི་ཚེས་༡༢ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་དང་། བརྟན་བཞུགས་དེ་གནང་བའི་ཚེ་སྒྲུབ་ཀྱི་ཚོགས་མགོན་དུ་མཁན་ཆེན་བརྩོན་འགྲུས་རྒྱ་མཚོ་དང་ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག སྤྲུལ་སྐུ་བློ་བཟང་འཇིགས་མེད་སོགས་གཙོས་པའི་མཁན་བླ་སྤྲུལ་དང་དགེ་འདུན་པ་བདུན་ཅུ་ལྷག་གིས། རིག་འཛིན་བདུད་འདུལ་རྡོ་རྗེ་དང་རིག་འཛིན་ཀློང་གསལ་སྙིང་པོའི་ཆོ་གའི་ལམ་ནས་ཚེ་སྒྲུབ་ཁག་བཅུ་གཅིག་ཉི་མ་༢༥རིང་གནང་ཡོད་པར་བརྟེན། བརྟན་བཞུགས་ཀྱི་སྐབས་སུ་༧གོང་ས་མཆོག་ལ་ཚེ་རིལ་དང་ཚེ་མདའ་སོགས་ཕུལ་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་དང་། ཀཿཐོག་དགོན་པ་དང་དགའ་ལྡན་ཕོ་བྲང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་རྒྱུས་རང་བཞིན་གྱི་ཆོས་དང་དམ་ཚིག་གི་འབྲེལ་བ་ཆེན་པོ་ཡོད་པ་སོགས། བརྟན་བཞུགས་ཕུལ་མཁན་ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག
ཁམས་ཀཿཐོག་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསོད་ནམས་དབང་འདུས་ལགས་ནས། ༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་བྱུང་བར་བསམ་གྱིས་མི་ཁྱབ་པའི་དགའ་ཚོར་ཆེན་པོ་དང་ལྷག་པར་མི་མང་པོ་ཆེད་དུ་འཛོམས་ཡོད་པས་དགའ་སྤྲོ་ཡོད་པ་དང་། ད་ལོ་དམིགས་བསལ་ཞབས་རིམ་མང་པོ་བསྒྲུབས་པ་སོགས་ལ་བརྟེན་ནས་གཞིས་ཆགས་ཡར་རྒྱས་སུ་འགྲོ་བའི་རེ་བ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
གཞིས་ཆགས་ཀྱི་ཁོངས་མི་པདྨ་བདེ་ཆེན་ལགས་ནས་བརྟན་བཞུགས་བསྡུས་པ་ཕུལ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བ་ནི། ཀཿཐོག་གཞིས་ཆགས་ལ་ཚར་དང་པོ་ཡིན་པ་དང་། མ་འོངས་པར་གཞིས་ཆགས་རང་ནས་གཙུག་ལག་ཁང་དུ་བརྟན་བཞུགས་རྒྱ་ཆེ་བ་ཞིག་ཕུལ་རྒྱུའི་རེ་བ་སྨོན་ལམ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཁམས་ཀཿཐོག་གཞིས་ཆགས་ནི། གཞིས་མི་༣༠༠ལྷག་གིས་གྲུབ་པའི་དགོན་གྲོང་གཉིས་ལྡན་གྱི་གཞིས་ཆགས་ཤིག་ཡིན་པ་དང་། གཞིས་ཆགས་དེ་ནི་ས་བབས་སྐྱིད་པོ་དང་ཤིང་ཏོག་གི་རིགས་སྣ་ཚོགས་སྐྱེས་ས། དེ་བཞིན་མེ་ཏོག་ཙམ་པ་ཀ་སོགས་རང་བྱུང་གི་ཐོན་ཁུངས་མཐུན་རྐྱེན་ཡག་པོ་ཡོད་པའི་བོད་མིའི་གཞིས་ཆགས་ཤིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།