༸གོང་ས་མཆོག་གིས་དཔེ་ཆར་བལྟས་ཏེ་ཐོས་དོན་སྒྲུབ་ལ་གཞོལ་ནས་སེམས་རྒྱུད་དུལ་བོ་བྱ་དགོས་ཞེས་བཀའ་སྩལ་བ།

བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། སྤྱི་ཟླ་༩པའི་ཚེས་༡༢ཉིན་རྒྱ་གར་ནང་གི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་གཅིག་ལྕོག་གི་འགན་འཛིན་རྣམ་པ་དྲུག་པ་དང་། དྲུང་ཡིག་བཅས་ལ་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་མཇལ་ཁ་གནང་བ་དང་འབྲེལ། རྗེ་རིན་པོ་ཆེའི་རྣམ་ཐར་ལ་མིག་ལྟོས་གནང་སྟེ་དགའ་ལྡན་ལྷ་བརྒྱ་མའི་ནང་“སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།།མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། ཞེས་གསུངས་པ་བཞིན།ང་ཚོས་དཔེ་ཆར་བལྟས་ཏེ་ཐོས་དོན་སྒྲུབ་ལ་གཞོལ་ནས་སེམས་རྒྱུད་དུལ་བོ་བྱ་དགོས་”པ་རེད་ཅེས་བཀའ་སྩལ་འདུག
གཞན་ཡང་༸གོང་ས་མཆོག་གིས་“འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་མ་འདྲེས་པར་བསམ་པ་རྣམ་དག་གིས་རྗེ་ཡབ་སྲས་ཀྱི་དགོངས་པ་ཚུལ་བཞིན་དུ་སྒྲུབ་ཐུབ་པ་ཞིག་དང་། རྗེ་ཡབ་སྲས་ཟེར་དུས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་དེ་ང་ཚོས་འཁུར་དགོས་ཀྱི་ཡོད་པས། ཀླུ་སྒྲུབ་ཀྱིས་གསུང་ཆོས་གནང་བའི་གྲལ་མཇུག་དེ་གར་ང་རང་ཡོད་བསྡད་པའི་སྣང་བ་ཤར་བ་དང་ཚོར་བ་ཞིག་ནམ་རྒྱུན་ཡོང་གི་འདུག་”ཅེས་སྔོན་གནས་རྗེས་དྲན་གྱི་བཀའ་སྩལ་གནང་སོང་།
རྒྱ་གར་ནང་གི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ནི་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་རྒྱ་གར་རྡོ་རྗེ་གདན་གྱི་བཙན་བྱོལ་ནང་གི་ལོ་རེའི་དགེ་ལྡན་པའི་ཆོས་སྡེ་ཁག་གི་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་ཆགས་ཡོད་པ་དང་། དགེ་རྩ་དེ་ག་ནས་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་བཀའ་དགོངས་བཞིན། སྨོན་ལམ་ཆེན་མོའི་སྐབས་དང་བསྟུན་ནས་འཛམ་གླིང་གི་དབུལ་ཕོངས་ས་ཁུལ་ཨ་ཧྥི་རི་ཀ་དང་། བྷང་ལ་ངྷེ་ཤེ་སོགས་ཀྱི་ནང་ཧིན་སྒོར་འབུམ་ཕྲག་མང་པོ་བསྡུ་རུབ་ཀྱིས་རོགས་དངུལ་ཞལ་འདེབས་ཀྱང་ཕུལ་མྱོང་ཡོད་པ་རེད།