རྡ་རམ་ས་ལར་དུས་འཁོར་དབང་ཆེན་གནང་རྒྱུའི་གསོལ་འདེབས་ཞུས་འདུག
2019.02.04
རྒྱ་གར་ཀང་ར་རྫོང་ཁོངས་ཀྱི་ཚོགས་སྡེ་ཁག་མང་པོས་རྡ་རམ་ས་ལར་དུས་འཁོར་དབང་ཆེན་སྩོལ་གནང་ཡོང་བ་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་རྫོང་དཔོན་གཙོས་ཚོགས་སྡེ་ཁག་གི་གཞུང་འབྲེལ་མི་སྣ་མང་པོས་༧གོང་ས་མཆོག་ལ་རྡ་རམ་ས་ལར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་གཟུགས་ཀྱི་བབས་དང་གཟིགས་ནས་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་མཛད་འདུག
ཕྱི་ཟླ་ ༢ ཚེས་༤་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་རྫོང་དཔོན་སྐུ་ཞབས་(Sandeep Kumar)དང་། རྡ་རམ་ས་ལའི་ཟ་ཁང་དང་མགྲོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས(Ashwani Bamba)གཙོས་གཞུང་འབྲེལ་མི་སྣ་༢༡་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུའི་སྐབས། བཞུགས་སྒར་རྡ་རམ་ས་ལར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྩོལ་གནང་ཡོང་བའི་གསོལ་འདེབས་ཞུས་འདུག་ཅིང་། མཇལ་བཅར་བའི་ཁོངས་སུ་རྡ་རམ་ས་ལའི་ཟ་ཁང་དང་མགྲོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས(Ashwani Bamba)ལགས་ཀྱིས། ༧གོང་ས་མཆོག་ནི་ང་ཚོའི་སྐྱབས་མགོན་རེད། རྡ་རམ་ས་ལར་དེ་སྔོན་ཕྱི་ལོ་༡༩༧༠ ལོར་དུས་འཁོར་དབང་ཆེན་ཞིག་སྩལ་བའི་རྗེས་ད་བར་སྩལ་གནང་བྱུང་མེད་པར་བརྟེན། ང་ཚོ་ཐུན་མོང་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་དང་ལྷན་དུ་གྲོས་བསྡུར་བྱས་ཏེ་༧གོང་ས་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་དུས་འཁོར་དབང་ཆེན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ཡིན་པ་གསུངས་ཡོད་པ་རེད།
རྡ་རམ་ས་ལའི་བོད་མིའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱང་མཇལ་བཅར་ཁོངས་སུ་ཡོད་ཅིང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལར་གསུང་ཆོས་སྩལ་གནང་མཛད་བཞིན་པ་ཡིན་སྟབས། དུས་ཁོར་དབང་ཆེན་གནང་བ་དང་ཧ་ལམ་ཁྱད་པར་མེད་པ་ལྟ་བུ་ཡིན་པ་བཀའ་གནང་པ་དང་ཆབས་ཅིག། ༧གོང་ས་མཆོག་གི་སྐུ་གཟུགས་བཟང་པོ་བྱུང་བ་ཡིན་ན་ཐུགས་བསམ་བཞེས་ཆོག་རྒྱུ་ཡིན་པ་བཀའ་ལན་སྩལ་བ་འགྲེལ་བརྗོད་གནང་འདུག
གོང་བརྗོད་ཚོགས་པ་དེ་དག་གི་ཁོངས་སུ་རྡ་རམ་ས་ལའི་ཟ་ཁང་དང་མགྲོན་ཁང་མཐུན་ཚོགས། གླ་བྱེད་རླངས་འཁོར་མཐུན་ཚོགས། སྤྱི་སྤྱོད་རླངས་འཁོར་གྱི་མཐུན་ཚོགས། ཚོང་ལས་ཚོགས་པ། དེ་བཞིན་རྡ་རམ་ས་ལའི་ཡུལ་སྐོར་སྤྲོ་འཆམ་དང་རིག་རྩལ་གྱི་ཚོགས་པ་སོགས་ཡོད་པ་རེད།