༧གོང་ས་མཆོག་གིས་གང་ཉིད་དགུང་ལོ་བརྒྱ་ལྷག་བཞུགས་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག

2022.06.27
༧གོང་ས་མཆོག་གིས་གང་ཉིད་དགུང་ལོ་བརྒྱ་ལྷག་བཞུགས་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག ཇོ་ནང་༧རྒྱལ་ཚབ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༢༠༢༢།༠༦།༢༧
OHHDL

དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་རྩལ་འདོན་གྱི་བརྒྱུད་པ་འཛིན་མཁན། ཇོ་ནང་༧རྒྱལ་ཚབ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་རིན་པོ་ཆེ་ཡིས། འདི་ཚེས་༢༧ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས་མགོན་པོ་གང་ཉིད་མ་འོངས་པར་དགུང་ལོ་བརྒྱ་ལྷག་བཞུགས་ཐུབ་ངེས་ཡིན་པ་དང་། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱ་དགོས་པའི་བཀའ་གནང་གི་འདུག་ཅེས་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
བོད་བརྒྱུད་ནང་བསྟན་གྱི་སྒྲུབ་རྒྱུད་ཤིང་རྟ་བརྒྱད་དུ་འབོད་པ་ལས་དཔལ་རྒྱལ་བ་ཇོ་ནང་པ་རྣམས་ནི། གསང་སྔགས་བླ་མེད་རྒྱུད་ཀྱི་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ཐུན་མོང་མ་ཡིན་པའི་རྒྱུད་འཛིན་དུ་བརྩི་སྲོལ་ཡོད་པས། ཉེ་ལམ་སྤྱི་ཟླ་༦པའི་ཚེས་༡༤ཉིན་ནས་བཞུགས་སྒར་ཉེ་འཁྲིས་སུ། ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་འཚོགས་སྐབས་དང་བསྟུན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་ཀྱང་བཀའ་ཡིག་བསྩལ་བའི་ནང་། དཔལ་༧རྒྱལ་བ་ཇོ་ནང་པའི་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་བཟང་པོ་ཡོད་པ་རྣམས་མི་ཉམས་རྒྱུད་འཛིན་གནང་དགོས་པའི་བཀའ་སྩལ་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་ཇོ་ནང་དུས་འཁོར་བགྲོ་གླེང་དང་འབྲེལ་༧རྒྱལ་ཚབ་རིན་པོ་ཆེར་བཅར་འདྲི་ཞུས་སྐབས། རིན་པོ་ཆེ་ཡིས་དུས་འཁོར་གྱི་བརྗོད་བྱ་ནི་ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་དང་ལམ་ལ་བརྟེན་ནས། གང་ཟག་ཅིག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐབས་བསྟན་ཡོད་པ་ངོ་སྤྲོད་གནང་གི་འདུག
དུས་ཀྱི་འཁོར་ལོའི་རྣམ་གཞག་སྤྱི་དང་ཁྱད་པར་ཇོ་ནང་པ་ཚོར་ཐུན་མོང་མ་ཡིན་པའི་ཉམས་ལེན་གྱི་རྒྱུད་པ་ཉམས་མྱོང་ཡོད་པར་བརྩི་བ། དུས་འཁོར་རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད་དང་བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་འཛིན་བཅས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་བཤད་སྲོལ་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི། སངས་རྒྱས་རང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་དུ་གསུང་བ་ཤམ་བྷ་ལའི་ཡུལ་དུ་དར་བ། ཕྱིས་སུ་རྒྱ་གར་ནང་སློབ་དཔོན་འཇམ་པའི་རྡོ་རྗེ་ཡིས་ཤམ་བྷ་ལ་ནས་ཚུར་དར་སྤེལ་གནང་བ། བོད་དུ་སྤྱི་ལོའི་དུས་རབས་༡༡པའི་ནང་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་ནས་བཟུང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་པ་དང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། རྭ་ལོ་ཙཱ་བ་སོགས་ནས་བོད་ལ་དུས་འཁོར་གྱི་འགྱུར་མང་པོ་དར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎