ཉི་ཧོང་གི་རྒྱལ་པོ་གསར་པར་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ་གནང་འདུག
2019.05.01
ཉི་ཧོང་གི་རྒྱལ་པོ་གསར་པས་ཁྲི་སྟོན་གནང་བར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ་གནང་འདུག
འདི་ཚེས་༡་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉི་ཧོང་གི་རྒྱལ་པོ་གསར་པ་(Naruhito)མཆོག་གི་ཁྲི་འདོན་དང་ཉི་ཧོང་ནང་རེ་བ་ཞེས་པའི་དུས་གསར་ཚེས་པ་དེར་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་སྩལ་གནང་མཛད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་པོ་གསར་པའི་ཡབ་ཆེན་རྒྱལ་པོས་ཉི་ཧོང་མི་མང་ལ་བྱམས་བརྩེ་དང་སྙིང་རྗེའི་རང་བཞིན་ལྡན་པའི་ངང་གནང་ཕྱོགས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་འགན་འཁུར་དེ་ཆོད་སེམས་བརྟན་པོའི་ཐོག་རྗེས་འཛིན་གནང་རྒྱུར་ཐུགས་སྨོན་ཡོད་ཅེས་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ནང་། ཉི་ཧོང་མི་མང་གིས་དམག་ཆེན་གཉིས་པའི་དུས་རབས་ཀྱི་རྗེས་སུ་སྤྱི་ཚོགས་བསྐྱར་གསོ་བྱེད་སྟངས་དང་། དེ་མིན་གྱི་གོད་ཆག་ཕོག་པའི་སྐབས་སུ་ཉི་ཧོང་མི་མང་གིས་དཀའ་སྡུག་ལ་གདོང་ལེན་བྱེད་ཕྱོགས་དང་སེམས་ཤུགས་འཁྱེར་ཕྱོགས་ལ་གུས་བརྩི་ཞེ་དྲག་ཡོད་ཅེས་བཀའ་གནང་ཡོད་པ་རེད།
ཕྱི་ཟླ་༥་པའི་ཚེས་༡ཉིན། ཉི་ཧོང་གི་རྒྱལ་པོ་ཐེངས་༡༢༦་པས་དངོས་སུ་དམ་འབུལ་བཞེས་ཡོད་པ་དང་། དམ་འབུམ་མཛད་སྒོ་དེ་བཞིན་ཉི་ཧོང་རྒྱལ་པོའི་ཕོ་བྲང་དུ་གནང་ཡོད་ཅིང་། ད་ལོ་དགུང་གྲངས་༥༩ཕེབས་པའི་ཉི་ཧོང་གི་རྒྱལ་པོ་ཐེངས་༡༢༦པ་(Naruhito)མཆོག་ནི་ཉི་ཧོང་ནང་དམག་ཆེན་གཉིས་པའི་རྗེས་སུ་འཁྲུངས་པའི་རྒྱལ་པོ་ཐོག་མ་དེ་ཆགས་ཡོད་པ་དང་། ཁོང་གི་ཡབ་རྒྱལ་པོ་(Akihito) མཆོག་གིས་ཕྱི་ཟླ་བཞི་པའི་ཚེས་༣༠འི་དགོང་མོར་རྒྱལ་སྲིད་ནས་བབས་གནང་སྟེ་ཕྱི་ཟླ་ལྔ་པའི་ཚེས་༡ཉིན། ཁོང་གི་སྲས་(Naruhito)མཆོག་གིས་དངོས་སུ་རྒྱལ་སྲིད་དམ་འབུལ་བཞེས་ཡོད་པ་རེད།
དམ་འབུལ་སྐབས་ཉི་ཧོང་གི་ཁྲིམས་ལུགས་ལག་བསྟར་གྱིས་ག་དུས་ཡིན་ཡང་ཉི་ཧོང་མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་འཕེལ་རྒྱས་ཆེད་འབད་བརྩོན་ཞུ་རྒྱུ་དང་འབྲེལ་འཛམ་གླིང་ཞི་བདེའི་ཆེད་ཕྱག་ལས་གནང་རྒྱུར་འབད་བརྩོན་ཞུ་རྒྱུའི་དམ་བཅའ་བཞེས་ཡོད་འདུག ཉི་ཧོང་ནང་རྒྱལ་རྒྱུད་ལམ་ལུགས་དེ་བཞིན་མཚོན་རྟགས་ཙམ་ལས་དོན་དངོས་ཆབ་སྲིད་ཀྱི་དབང་ཆ་མེད་པ་དང་། རྒྱལ་པོ་གསར་པའི་དམ་འབུམ་མཛད་སྒོའི་སྐབས་སྲོལ་རྒྱུན་བཞིན་རྒྱལ་པོའི་རྒྱུད་ཀྱི་སྐུ་མཆེད་སྐྱེས་པ་ཚོ་མ་གཏོགས་བེུད་མཉམ་བཞུགས་བྱེད་སྲོལ་མེད་པ་རེད། ཡིན་ནའི་ཉི་ཧོང་གི་སྲིད་བློན་སོགས་དཔོན་རིགས་མཐོ་གྲས་སུ་མཛད་སྒོའི་ཐོག་ཞུགས་ཡོད་པ་རེད།
རྒྱལ་པོ་གསར་པའི་རྒྱལ་སྲིད་དུས་རབས་འདི་ནི་རེ་བ་ཞེས་འབོད་བཞིན་པ་དང་། དེ་ནི་མཛེས་སྡུག་ལྡན་པའི་འཆམ་མཐུན་ཞེས་པར་གོ་བ་ལེན་གནང་གི་ཡོད་པ་རེད།