༧གོང་ས་མཆོག་ཉི་ཧོང་ལ་ཞབས་སོར་བདེ་བར་འཁོད་པ།
2015.04.02
༧གོང་ས་མཆོག་གིས་ཉི་ཧོང་ནང་བཞུགས་ཞག་ཉིན་གྲངས་༡༣་ཙམ་རིང་ཆོས་འབྲེལ་གཙོས་མཛད་འཕྲིན་འདྲ་མིན་སྐྱོང་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཉི་ཧོང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་རྒྱལ་སྤྱིའི་གནམ་ཐང་ལ་དེ་རིང་ཚེས༢ཉིན་གྱི་སྔ་དྲོ་ཞབས་སོར་བདེ་བར་འཁོད་འདུག སྐབས་དེར་ཉི་ཧོང་ནང་བཅའ་ཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་མཆོག དེ་བཞིན་ཉི་ཧོང་གི་སོ་ཏོ་ཛན་ཆོས་བརྒྱུད་ཀྱི་བླ་མ་ཁག་དབུས་པའི་ཆེས་མཐོའི་མི་སྣ་མང་པོས་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག ༧གོང་ས་མཆོག་གིས་གནམ་ཐང་དུ་རྒྱལ་སྤྱིའི་གསར་འགོད་པ་ཚོར། འགྲོ་བ་མིའི་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པ་དང་། མི་ཚང་མ་བདེ་སྐྱིད་འདོད་མཁན་ཡིན་པ། བདེ་སྐྱིད་ཀྱི་གཞི་རྩ་ང་ཚོའི་སེམས་རྒྱུད་ལ་ཡོད་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་གནང་རྒྱུ་དང་། ཆོས་ལུགས་རིས་མེད་ཡོངས་རྫོགས་ཕན་ཚུན་འཆམ་མཐུན་མཉམ་གནས་གོང་འཕེལ་ཡོང་ཐབས། མཇུག་ཏུ་༧གོང་ས་མཆོག་གིས་བཞད་གད་དང་སྦྲགས་༧མགོན་པོ་གང་ཉིད་ཉི་ཧོང་གི་ཞལ་འབྲས་ལ་ཐུགས་མཉེས་པོ་ཇི་འདྲ་ཡོད་སྐོར་ཡང་བཀའ་གནང་འདུག ༧གོང་ས་མཆོག་གིས་ཉི་ཧོང་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་པ་ད་རེས་ཐེངས་༢༠་པ་དེ་ཡིན་པ་དང་། སང་ཉིན་ཕྱི་ཚེས་༣་ཉིན་༧གོང་ས་མཆོག་ཉི་ཧོང་གི་བྱང་ཕྱོགས་གླིང་ཕྲན་Hokkaidoའི་ནང་ཆིབས་བསྒྱུར་ཐེངས་དང་པོ་དེ་བསྐྱང་འཆར་འདུག ༧གོང་ས་མཆོག་གིས་ཉི་ཧོང་ནང་ཞུགས་ཞག་ཉིན་གྲངས་༡༣་ཙམ་རིང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་པ་ལྟར་། གསུང་ཆོས་ཞུ་བར་ཉི་ཧོང་མི་མང་ཙམ་མ་ཟད། ཀོ་རི་ཡ་དང་རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་མི་མང་པོ་ཆེད་བཅར་ཞུ་འཆར་དང་། ད་རེས་གསུང་ཆོས་བཀའ་སློབ་སྩལ་བ་ཁག་དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཞུ་འཆར་ཡོད་སྐོར་ཉི་ཧོང་གི་Kyodoགསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།