ངོས་ཀྱི་ལུས་ནི་རྒྱ་གར་ན་ཡོད་ཀྱང་སེམས་དེ་ཡང་ཡང་བོད་ནང་སྐྱོད་བསྡད་ཡོད། ༧གོང་ས་མཆོག་གིས།


2019.10.25
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མཐོ་སློབ་འདྲ་མིན་གྱི་སློབ་མ་ཚོར་མཇལ་མོལ་སྐབས། ༢༠༡༩།༡༠།༢༥ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མཐོ་སློབ་འདྲ་མིན་གྱི་སློབ་མ་ཚོར་མཇལ་མོལ་སྐབས། ༢༠༡༩།༡༠།༢༥
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ས་ཡ་དྲུག་གིས་ང་ལ་ཡིད་ཆེས་བྱས་བསྡད་པ་ནམ་ཡང་སེམས་ནས་བརྗེད་ཀྱི་མེད་པར་དྲན་གྱི་ཡོད་ཅེས་རྒྱ་གར་མཐོ་སློབ་སློབ་ཕྲུག་ཚོར་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་མཇལ་འཕྲད་ཁང་དུ་འདི་ཚེས་༢༥་ཉིན་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནས་ཆེད་བཅར་ཞུས་པའི་སློབ་ཕྲུག་༢༠༠་ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། རྒྱ་གར་གྱི་སློབ་ཕྲུག་ཞིག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཕེབས་དགོས་བྱུང་བའི་ཐུགས་ཚོར་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་བར། ༧གོང་ས་མཆོག་གིས། བོད་ནང་གི་བོད་མི་མང་པོ་ཞིག་གིས་ང་བོད་ལ་ལོག་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེ་མཚུངས་རྒྱལ་བ་རིན་པོ་ཆེ་རང་དབང་ལུང་པའི་ནང་བཞུགས་ཏེ་རང་དབང་གི་ཐོག་ནས་ཕྱག་ལས་གནང་ཐུབ་པར་བསྔགས་བརྗོད་བྱེད་བཞིན་ཡོད། དེ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། ངོས་ཀྱི་ལུས་ནི་རྒྱ་གར་ན་ཡོད་ཀྱང་སེམས་དེ་ཡང་ཡང་བོད་ནང་སྐྱོད་བསྡད་ཡོད། ངས་བོད་མི་ས་ཡ་དྲུག་གིས་ང་ལ་ཡིད་ཆེས་བྱས་བསྡད་པ་དེ་དྲན་གྱི་ཡོད་ལ་བོད་མི་ཚོས་ངའི་སྒང་ལ་རེ་བ་ཤུགས་ཆེན་པོ་རྒྱབ་བསྡད་ཡོད་སྟབས་ང་ལ་བཟང་སྤྱོད་གྱི་འགན་ཞིག་ཡོད་ཅེས་བཀའ་གནང་སོང་།
ད་དུང་༧གོང་ས་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་བྱེད་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་དང་། བོད་ནང་སྔར་གྱི་ནང་ཆོས་སློབ་གཉེར་ཁང་ཆེ་ཁག་དེ་ཚོའི་ནང་ད་ཆ་དགེ་འདུན་པ་ཉུང་ཉུང་ཞིག་ལས་ལྷག་མེད་པ་དང་། དེ་ཚོའི་ནང་དུའང་རྒྱ་ནག་གཞུང་གིས་བོད་སྐད་ཐོག་དམ་དྲག་བྱས་ཏེ་ཆབ་སྲིད་སློབ་གསོ་རྒྱབ་ནས་དཀའ་ངལ་བཟོ་བཞིན་ཡོད། དེ་བས་ངོས་རང་བློ་འཚབ་ཆེན་པོ་ཡོད། བོད་ནང་སྐད་ཡིག་དང་ནང་ཆོས་སློབ་གཉེར་གྱི་རང་དབང་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་གནའ་རབས་ཤེས་ཡོན་དང་དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་བའི་ནུས་པ་དེ་རྒྱ་གར་ལ་ཡོད་པ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་འཚེ་མེད་ཞི་བ་དང་བྱམས་བརྩེའི་སྐོར་ཡོད་ཀྱང་དེ་དག་སླར་གསོ་བྱེད་རྒྱུ་དང་། དེ་ཡང་ཤེས་ཡོན་ཀྱི་ལམ་ནས་འཛམ་གླིང་ལ་སྟོན་ཐུབ་པ་ཞིག་དགོས། བར་ལམ་ཞིག་ནས་ཧི་མ་ཅལ་གཙུག་ལག་སློབ་ཆེན་ནས་རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་གནའ་རབས་རིག་གཞུང་སླར་གསོའི་ལས་འཆར་ཞིག་དབུ་བཙུགས་གནང་བར་བསྔགས་བརྗོད་ཡོད་ཅེས་བཀའ་གནང་སོང་།
མཇལ་མོལ་རྗེས་ཧི་མ་ཅལ་གཙུག་ལག་སློབ་ཆེན་གྱི་སློབ་མ་ནི་ཤ་ལི་ཅོའོ་གྷི་རི་ལགས་ཀྱིས། ད་ཐེངས་ཏཱ་ལའི་བླ་མ་མཆོག་གི་གསུངས་ཐོས་ཐུབ་པར་དགའ་བོ་བྱུང་བ་དང་། གཞན་ཕན་དང་འགྲོ་བ་མི་གཅིག་གྱུར་སོགས་ཀྱི་སྐོར་ལ་བློ་བསྐྱེད་ཆེན་པོ་བྱུང་ཞེས་བརྗོད་ཀྱི་འདུག
གཞན་རྒྱ་གར་པན་ཇབ་མངའ་སྡེའི་ནང་འབྲུག་པའི་སློབ་མ་ཀུན་བཟང་འཕྲིན་ལས་ལགས་ཀྱིས། ང་ཚོས་རྒྱུན་རིང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྙིང་རྗེའི་སྐྱབས་མགོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད་ཟེར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎