ཞི་བདེ་ཆེད་རྒྱ་དཀར་ནག་གཉིས་བར་སྤུན་ཟླའི་འདུ་ཤེས་དགོས་ངེས་ཅན་རེད། ༧གོང་ས་མཆོག་གིས།


2020.07.14
༧གོང་ས་མཆོག་དང་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་ཉམས་ལེན་འཆད་ཁྲིད་པ་དང་རྩོམ་པ་པོ་རྒྱ་གར་བ་(Gaur Gopal Das)་གྷུར་གྷོ་པལ་ངྷ་སི་ལགས། ༢༠༢༠།༧།༡༤ ༧གོང་ས་མཆོག་དང་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་ཉམས་ལེན་འཆད་ཁྲིད་པ་དང་རྩོམ་པ་པོ་རྒྱ་གར་བ་(Gaur Gopal Das)་གྷུར་གྷོ་པལ་ངྷ་སི་ལགས། ༢༠༢༠།༧།༡༤
OHHDL

འཛམ་གླིང་ཞི་བདེ་དང་དཔལ་འབྱོར་གང་གི་ཆ་ནས་ཀྱང་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་སྤུན་ཟླའི་འདུ་ཤེས་དགོས་ངེས་ཅན་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། སྤྱི་ཟླ་༧་པའི་ཚེས་༡༤་ཉིན། དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་ཉམས་ལེན་འཆད་ཁྲིད་པ་དང་། རྩོམ་པ་པོ་རྒྱ་གར་བ་(Gaur Gopal Das)་གྷུར་གྷོ་པལ་ངྷ་སི་ལགས་ཀྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ང་ཚོའི་མི་རབས་འདིས་ཕུགས་རྒྱང་རིང་པོ་དང་ཕྱོགས་ཡོངས་མཐོང་བའི་ཐོག་ནས། མ་འོངས་པ་གསར་པ་ཞིག་བཟོ་ཐུབ་ཀྱི་ཡོད་ལ། རྒྱ་གར་དང་རྒྱ་ནག་གཉིས་ཀར་མི་འབོར་ཐེར་འབུམ་བརྒལ་བ་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་ཆ་ནས་ཕན་ཚུན་འབྲེལ་ཐག་ཉེ་བོ་ཡིན་པ་རེད། དེང་སང་རྒྱ་ནག་ཏུ་ནང་པའི་མི་འབོར་ཧ་ཅང་ཆེན་པོ་སྟེ། ཧ་ལམ་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པས། ཆབ་སྲིད་ཀྱི་དཀའ་ངལ་ཆུང་ཙག་རེ་ཡོད་པ་མ་གཏོགས། ཕན་ཚུན་འགལ་ཟླར་ལངས་དགོས་དོན་ཅི་ཡང་མེད་པར་ཁྱིམ་མཚེས་ཀྱིས་འདུག་དགོས་པར་བརྟེན། ངོས་ནས་རྟག་པར་ང་ཚོར་དངོས་གནས་རྒྱ་གར་དང་རྒྱ་ནག་སྤུན་ཟླའི་འདུ་ཤེས་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། དཔལ་འབྱོར་དང་འཛམ་གླིང་ཞི་བདེ་ཡོང་བར་དེ་དགོས་ཀྱི་ཡོད་ལ། ཆོས་ཕྱོགས་ནས་རྒྱ་གར་ནི་རང་བཞིན་གྱིས་སློབ་དཔོན་ཆགས་ཀྱི་ཡོད་པས། རྒྱ་གར་གྱིས་འགན་དེ་ཁུར་ནས་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་བསྐྲུན་དགོས་པ་རེད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་ངོས་ནས་རྟག་པར་དེང་རབས་ཀྱི་རྒྱ་གར་དུ་གནའ་བོའི་རྒྱ་གར་གྱི་བསམ་བློ་བསྐྱར་གསོ་དང་། དེ་དེང་རབས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་ཡོང་དགོས་ཀྱི་འདུག་ཅེས་བརྗོད་བསྡད་ཡོད། རྒྱ་གར་ལ་དེང་རབས་ཀྱི་ཤེས་ཡོན་དང་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ཤེས་བྱ་གཉིས་ཟུང་དུ་སྦྲེལ་ཐུབ་པའི་གོ་སྐབས་དང་འཇོན་ཐང་ཡོད་པ་རེད། དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱི་དངོས་པོའི་ལོངས་སྤྱོད་དང་ལུས་ཀྱི་བདེ་ཐང་གི་དགོས་མཁོ་བསྐང་གི་ཡོད་ནའང་། དེ་ཙམ་གྱིས་འདང་གི་མེད་པར་རྒྱ་གར་གྱི་སྲོལ་རྒྱུན་ཐོག་ནས་སེམས་ཀྱི་བདེ་ཐང་ཡོང་གི་ཡོད། ང་ཚོས་ལུས་སེམས་གཉིས་ཀར་ཟུང་འབྲེལ་གྱིས་བདག་སྐྱོང་དགོས་པ་དང་། དེ་ཡང་དད་པའི་སྒོ་ནས་མིན་པར་བརྟག་དཔྱད་ཀྱི་ལམ་ནས་ཡོང་དགོས་པ་སྟེ། ཐོག་མར་སེམས་ཀྱི་རྣམ་གཞག་ཆ་ཚང་ཤེས་པ་དང་འབྲེལ། མིའི་རྣམ་དཔྱོད་བེད་སྤྱོད་ཀྱིས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་གནང་དགོས་པ་རེད་ཅེས་བཀའ་གནང་གི་འདུག
རྒྱ་གར་གྱི་སྲོལ་རྒྱུན་དང་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ། ཀུན་ཁྱབ་ཀྱི་རིན་ཐང་རྣམས་བསྐྱར་གསོ་དགོས་ཀྱི་འདུག་ཅེས་༧གོང་ས་མཆོག་གིས་གསུང་བསྡད་པ་ཁག དུས་ཚོད་དང་མི་རིགས། ཕོ་མོ་དང་ཆོས་དད། སྤྱི་ཚོགས་དང་གྲལ་རིམ་གྱི་དབྱེ་བ་མེད་པར་ཁྱབ་ཐུབ་པ་ཞིག་ཡིན་པས། དེ་ཚོ་བསྐྱར་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཐོག ཆོས་ལུགས་རིས་མེད་ཀྱི་ཐོག་ནས་གནང་རྒྱུ་གལ་ཆེན་པོ་རེད་ཅེས་རྒྱ་གར་མཁས་པ་གྷུལ་གྷོ་པལ་ངྷ་སི་མཆོག་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུང་གི་ཡོད་ནའང་། ལྟ་གྲུབ་ཀྱི་རྣམ་བཞག་མི་འདྲ་བ་ཡོང་གི་ཡོད་པ་ནི་ཆོས་ཀྱི་སྙིང་པོ་ཉམས་ལེན་གྱི་ཆེད་ཡིན་པས། ཆོས་ལུགས་མཐུན་སྒྲིལ་གནང་རྒྱུ་ཧ་ཅང་ཆེན་ཡིན་པ་མ་ཟད། རྒྱ་གར་ནི་ཆོས་ལུགས་ཁག་འཆམ་མཐུན་གྱིས་གནས་ཐུབ་པའི་མིག་དཔེ་ཡིན་པ་སོགས་བཀའ་སྩལ་ཡོད་ཅིང་། གྷུར་གྷོ་པལ་ངྷ་སི་ལགས་ནི་རྒྱལ་སྤྱིའི་ཀིརཤི་ནཱ་སྤྱི་ཚོགས་ཀྱི་ཚོགས་མི་ཞིག་ཡིན་ཅིང་། ཁོང་གིས་༧གོང་ས་མཆོག་ནི་འཛམ་གླིང་འདིར་མི་ཚོས་དགའ་མོས་ཆེ་ཤོས་གནང་སའི་ཆོས་ཀྱི་དབུ་ཁྲིད་ཅིག་དང་། ཞི་བདེ་དང་བྱམས་སྙིང་རྗེ། འཆམ་མཐུན་དང་ཆོས་ཕྱོགས་ཀྱི་སྐུ་ཚབ་དེ་ཆགས་ཡོད་པ་སོགས་བསྔགས་བརྗོད་གནང་ཡོད་ལ། གྷུར་གྷོ་པལ་ལགས་དང་༧གོང་ས་མཆོག་གི་བཀའ་མོལ་དེར་བརྙན་འཕྲིན་དྲ་ལམ་དུ་ཐད་ཀར་ལྟ་མཁན་ཉིན་གཅིག་ནང་མི་གྲངས་འབུམ་ལྔ་དང་ཁྲི་དྲུག་ལྷག་བྱུང་ཡོད་པ་དང་། སྐད་ཡིག་མི་འདྲ་བ་བཅུ་གཅིག་གི་ནང་ཐད་ཀར་བསྒྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎