༧གོང་ས་མཆོག་རྒྱ་གར་བྱང་ཤར་མ་ནི་པུར་ནང་ཞབས་སོར་བདེ་བར་འཁོད་འདུག
2017.10.17

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མ་ནི་པུར་(Manipur)་ས་གནས་ནང་ཞབས་སོར་འཁོད་འདུག
དེ་ཡང་ཕྱི་ཚེས་༡༧་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མ་ནི་པུར་(Manipur) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར། མངའ་སྡེ་དེའི་ནང་ཞབས་སོར་འཁོད་ཡོད་པའི་སྐོར་རྒྱ་གར་གྱི་ས་གནས་དཔོན་རིགས་ནས་འགྲེལ་བརྗོད་བྱས་ཡོད་ཅིང་། (Manipur)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(N Biren Singh)་མཆོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་ཆེས་མཐོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་དང་འབྲེལ་མངའ་སྡེའི་གཞུང་གིས་༧གོང་ས་མཆོག་ལ་དགོས་ངེས་ཀྱི་མཐུན་རྐྱེན་ཚང་མ་འབུལ་རྒྱུ་ཡིན་སྐོར་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་(IANS)་ཞེས་པར་འགྲེལ་བརྗོད་གནང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཚེས་༡༨་ཉིན་༧གོང་ས་མཆོག་ལ་(Convention)་ལྟེ་གནས་ཚོགས་ཁང་དུ་ཕེབས་བསུའི་ལྷན་ཚོགས་ཤིག་བསྐོང་ཚོགས་ཞུ་རྒྱུ་ཡིན་པའི་སྐོར་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ནི་པུར་གྱི་ཆིབས་བསྒྱུར་འདི་ནི་ད་ལོ་ཕྱི་ཟླ་བཞི་པའི་ནང་(Arunachal)་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་པའི་རྗེས་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ད་ལོ་ཆིབས་བསྒྱུར་བསྐྱངས་ཐེངས་གཉིས་པ་དེ་ཡིན་པ་རེད།
(Manipur)་ཁུལ་དུ་བཞུགས་ཞག་གསུམ་རིང་གི་མཛད་འཕྲིན་ཁོངས་སུ་ཕྱི་ཟླ་ ༡༠ ཚེས་ ༡༧ སྔ་དྲོ་མ་ནི་པུར་(Mainpur)་གྲོས་ཚོགས་ཀྱི་ཚོགས་གཙོས་གཙོ་སྐྱོང་གནང་རྒྱུའི་ཞི་བདེ་དང་འཆམ་མཐུན་ཞེས་པའི་བརྗོད་གཞིའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཐོག་༧ཞབས་སོར་འཁོད་དེ་བཀའ་སློབ་སྩོལ་རྒྱུ་ཡིན་ཞིང་། དེ་བཞིན་༧གོང་ས་མཆོག་ནས་མངའ་སྡེའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡང་ཡོད་འདུག།
གསར་འགོད་པ་འཆི་མེད་དང་རྡོ་རྗེ་དགྲ་འདུལ།