རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཏཱ་ལའི་བླ་མ་མཐོ་སློབ་ལ་རོགས་རམ་གནང་རྒྱུ།
2018.09.17

༧གོང་ས་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ནས་མི་ལོ་༣༠འཁོར་བའི་ལོ་འཁོར་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་འདུག
དེ་ཡང་ཕྱི་ཟླ་༩ཚེས་༡༦ཉིན། ནེ་ཐར་ལེནཌསྀ་(Netherlands)གྲོང་ཁྱེར་རོ་ཊེར་ཌཱམ་ནང་ཡོད་པའི་ Ahoy convention Center)ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ནས་མི་ལོ་༣༠འཁོར་བའི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་ཚོགས་ཁང་ནང་མི་གྲངས་ཆིག་ཁྲི་གཉིས་སྟོང་ཙམ་མཉམ་ཞུགས་གནང་ཡོད་འདུག ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས། ལས་འགུལ་ཁང་དེ་བཞིན་མི་ལོ་གསུམ་བཅུའི་གོང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་འཆར་སྣང་སྒྲུབ་ཐབས་སུ་ཐོག་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། རིམ་པས་ལས་འགུལ་ཁང་དེ་འཕེལ་རྒྱས་ཕྱིན་ནས་ད་ཆ་(Brussels)དང་(Amsterdam) (Berlin) རྡ་རམ་ས་ལ་བཅས་སུ་ཡན་ལག་ལས་ཁང་ཡོད་པ་༧གོང་ས་མཆོག་ལ་སྙན་སེང་ཞུས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)རྣམ་གཉིས་ཀྱི་བགྲོ་གླེང་གནང་པའི་སྐབས། (Richard Gere) ལགས་ཀྱིས་བོད་ནང་གི་གནས་སྟངས་གང་འདྲ་ཡོད་མེད་དང་། འགྱུར་བ་ཇི་བྱུང་སོགས་བགྲོ་གླེང་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་མཆོག་གིས་བོད་ཀྱི་འཐབ་རྩོད་དེ་ཆབ་སྲིད་ཀྱི་འཐབ་རྩོད་ཙམ་མ་ཡིན་པར། བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་བདག་གཅེས་སྲུང་སྐྱོབ་བྱེད་པའི་དཔལ་ན་ལེནྜེའི་ཆོས་བརྒྱུད་ཀྱི་རིག་གཞུང་མུ་འཐུད་མི་ཉམས་གོང་སྤེལ་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རིག་གཞུང་འདི་ནི་འཛམ་གླིང་སྤྱི་ལ་ཕན་ཐོག་གྲུབ་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པ་བཀའ་གནང་འདུག
སྐུ་ཞབས་རི་ཆར་གྷིཡེར་(Richard Gere)ལགས་ནི་རྒྱུན་རིང་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཨ་རིའི་ཧོ་ལི་ཝུཌ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན་པར་མ་ཟད། ཁོང་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་ཡིན་པ་རེད།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་ཆེ་ཤོས་ཤིག་ཡིན་སྟབས་བོད་ཀྱི་རང་འབྱུང་ཁོར་ཡུག་ཐོག་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ རི་ཆརཌ་གྷི་ཡར་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་མི་རྣམས་མ་བརྗེད་པ་བྱས་ནས་བོད་དོན་ཐོག་གང་ཐུབ་རོགས་པ་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci) ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་སྤྱོད་བཟང་ཀྱི་ལས་གཞིའི་ཐོག་རྒྱབ་སྐྱོར་ཞུ་རྒྱུ་དང་། དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་གི་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་སྤྱོད་བཟང་གི་སློབ་འཆར་ལས་རིམ་ཐད་ལོ་ལྟར་དཔལ་འབྱོར་ཀྱི་རོགས་འདེགས་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།