༧གོང་ས་མཆོག་གི་༧ཞབས་པུས་དྭངས་སྐྱེད་ཧ་ཅང་ཡག་པོ་བྱུང་སྟེ་སྙུང་ཟུག་ཆུང་ལ་ཞབས་གོམ་བསྐྱོན་ཐུབ་ཀྱི་ཡོད་པ།

2024.07.03
༧གོང་ས་མཆོག་གི་༧ཞབས་པུས་དྭངས་སྐྱེད་ཧ་ཅང་ཡག་པོ་བྱུང་སྟེ་སྙུང་ཟུག་ཆུང་ལ་ཞབས་གོམ་བསྐྱོན་ཐུབ་ཀྱི་ཡོད་པ།
སྒྲིག་བཟོ། ནོར་སྡེ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ཀྱི་སྨན་བཅོས་ལེགས་པར་གྲུབ་ནས་ཉིན་ལྔ་པའི་མཚམས་འདིར་སྐུ་ཁམས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དང་།   དྭངས་སྐྱེད་མྱུར་པོ་ཡོད་པའི་ཐོག་སྙུང་ཟུག་ཉུང་བ་དང་།   ཞབས་གོམ་ཡང་བསྐྱོན་ཐུབ་ཀྱི་ཡོད་པ་མ་ཟད།  ཕྱག་རྩ་སྙོམ་པ་སོགས་ཡོད་པས་ཚང་མ་ཐུགས་བློ་བདེ་པོ་གནང་ཆོག་པ་ཡོད་ཅེས་སྐུའི་བླ་སྨན་པས་གསུངས་བྱུང་། 

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པའི་ཉིན་རྒྱབ་ཕྱག་ཚོད་བཞི་པའི་ཐོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཡུལ་གྱི་གསོལ་མགྲོན་ཁང་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བོད་ལུགས་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་དང་འབྲེལ་བའི་སྐོར་གསར་འགོད་པར་གསལ་བཤད་གནང་སྐབས།  སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུངས་དོན་དུ། དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ཀྱི་བཤག་བཅོས་གནང་སྟེ་ཉིན་ལྔ་པ་འདི་ཡིན་ཞིང་།   བཤག་བཅོས་གནང་མཁན་གྱི་སྨན་པ་དང་ལུས་རྩལ་གྱི་སྨན་པ་རྣམ་གཉིས་ཀྱི་ངོས་ནས་དེ་རིང་༧སྐུ་གཟུགས་གནས་བབ་ལ་བརྟག་དཔྱད་ཞུ་སྐབས་ཧ་ལས་པའི་ཡར་རྒྱས་ཆེན་པོ་ཕེབས་ཡོད་པ་མ་ཟད།  སྤྱིར་བཏང་གི་ནད་པར་བཤག་བཅོས་ཀྱི་སྨན་བཅོས་དེ་རིགས་བྱས་ཏེ་དྲག་སྐྱེད་ཕྱིན་པའི་མགྱོགས་ཚད་ལས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་འཕྲོད་བཞེས་རྗེས་ཀྱི་དྭངས་སྐྱེད་ཕེབས་སྟངས་དེ་བས་མྱུར་བ་ཡོད་པ་ངོ་སྤྲོད་གནང་ཡོད་པ་གསལ་བསྒྲགས་གནང་སོང་།

༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མུ་མཐུད།   མི་ཚང་མས་སེམས་འཚབ་ཆེ་ཤོས་ཤིག་ནི་སྙུང་ཟུག་ཆེ་ཆུང་གང་འདྲ་ཡོད་མེད་དེའི་ཐོག་ཡིན་པས།   སྙུང་ཟུག་ནི་ཧ་ལས་པའི་ཆུང་ཆུང་ཡིན་པ་དང་།   ཞབས་གོམ་ཡང་བསྐྱོན་ཐུབ་ཀྱི་ཡོད་པས་གང་ཅིའི་ཐད་ཡར་རྒྱས་ཕེབས་བཞིན་པ་དང་ཉིན་རེ་བཞིན་ཡར་རྒྱས་ཕེབས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཛད་འཆར་གཞིར་བཟུང་ཉིན་ཤས་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་ས་ཁུལ་གཞན་གུ་ཡངས་བ་ཞིག་དང་ལྗགས་རླུང་གཙང་བ།  ཡུལ་ལྗོངས་ཡག་པོ་ཡོད་ས་ཞིག་ཏུ་སྐུ་ངལ་གསོ་གནང་མཛད་རྒྱུའི་ཆེད་འཆར་གཞི་ཡོད་པ་ངོ་སྤྲོད་གནང་པ་དང་དུས་མཚུངས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་རྫོགས་ནས་སེམས་འཚབ་ཆེན་པོ་གནང་སྟེ་བཞུགས་ཡོད་དུས་རྩ་བ་ཉིད་ནས་ཐུགས་ཁྲལ་གནང་དགོས་མེད་པ་དང་།   ཐུགས་ལྷོད་ལྷོད་ངང་བཞུགས་རོགས་གནང་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།  

ཡང་བོད་ལུགས་༧སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ངོ་སྤྲོད་གནང་པར།   ༧སྐུའི་ཞབས་པུས་ཀྱི་སྨན་བཅོས་འདི་ཧ་ལས་པའི་ལམ་ལྷོང་ལྡན་པ་དང་ཧ་ཅང་ཡག་པོ་བྱུང་སོང་།   ཡང་བོད་ལུགས་ཀྱི་རྩ་དང་ཆུའི་ཐོག་ནས་བརྟག་དཔྱད་ཞུ་དུས་སྐུ་ཁམས་ཚང་མ་ཧ་ཅང་ཡག་པོ་ཡོད་པ་དང་ཞབས་པུས་ཀྱི་སྙུང་གཞི་དྭངས་སྐྱེད་འདི་ཡར་ངོའི་ཟླ་ལྟར་བཟང་དུ་བཟང་དུ་ཕེབས་ཏེ་ཞབས་གོམ་བསྐྱོན་གནང་པ་སོགས་དཔེ་ཡག་པོ་བྱུང་སོང་།   ཕྱག་རྩ་གཟིགས་པའི་སྐབས་ལ་ཡང་ཕྱག་རྩའི་འཕར་སྟངས་སོགས་དཔེ་སྙོམ་པོ་ཡོད་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཐུགས་ཁྲལ་རྩ་བ་ནས་གནང་དགོས་མི་འདུག་ལ།  སྐུ་ཁམས་ཧ་ཅང་གི་ཡག་པོ་དང་བཟང་པོ་ཡོད་པས་ཚང་མ་ཐུགས་བློ་བདེ་པོ་གནང་རོགས་ཞེས་ངོ་སྤྲོད་གནང་སོང་།

དེ་བཞིན་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་པུས་ཀྱི་བཤག་བཅོས་ཞུ་མཁན་སྨན་པ་ཌའེ་ཝི་ཌི་ ཇེ་ མའེ་མན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་པའི་ནང་།  ༧གོང་ས་མཆོག་གི་ཐུགས་ཀྱི་ཡིད་ཆེས་ཐོབ་པ་མ་ཟད།   ད་དུང་གང་ཉིད་ལ་ཡིད་ཆེས་ཞུ་མཁན་དང་ཐུགས་འཁུར་ཞུ་མཁན་ཉེ་འཁོར་གྱི་མི་མང་པོའི་ཡིད་ཆེས་ཐོབ་པ།   དེ་བཞིན་གང་ཉིད་ལ་དད་གུས་ཞུ་མཁན་གྱི་ཡིད་ཆེས་ཐོབ་པ་འདི་ནི་དངོས་གནས་གཟི་བརྗིད་དང་དམིགས་བསལ་གྱི་ཆེ་མཐོང་ཞིག་ཡིན་ཞེས་དང་། སྤྱིར་ཞབས་པུས་ཀྱི་བཤག་བཅོས་དེ་རིགས་གྲུབ་པའི་རྗེས་ཀྱི་བདུན་ཕྲག་དང་པོ་འདིའི་ནང་གང་ཐུབ་ཀྱིས་གཉན་ཚད་དང་སྐྲངས་སྦོས་ཆུང་དུ་གཏོང་རྒྱུ་དང་།  ༧གོང་ས་མཆོག་ནི་ཞབས་གོམ་བསྐྱོན་ཐུབ་པ་མ་ཟད།   ང་ཚོའི་སྨན་བཅོས་རུ་ཁག་དང་ལྷན་དུ་ཞབས་གོམ་བསྐྱོན་ཐུབ་ཀྱི་ཡོད།   བདུན་ཕྲག་གཉིས་པའི་ནང་ཞབས་གོམ་དང་ལུས་རྩལ་གྱི་སྦྱོང་བརྡར་འབུལ་དགོས་ཀྱི་ཡོད་པས།   ༧གོང་ས་མཆོག་མ་འོངས་པའི་ལོ་ཟླའི་ནང་ཞབས་པུས་དང་ཞབས་གོམ་བསྐྱོན་ཕྱོགས་ཐད་མུ་མཐུད་དྭངས་སྐྱེད་ཡག་པོ་ཡོང་རྒྱུར་ང་ཚོས་སྔོན་དཔག་ཞུ་བཞིན་ཡོད་ཅེས་གསལ་བཤད་གནང་བྱུང་།

གསར་འགོད་པ།  སྒྲོལ་དཀར།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན།  ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎