བོད་ཀྱི་ནང་ཆོས་ནི་ཚད་མ་རིག་པ་དང་རིགས་ལམ་ཟུང་འབྲེལ་གྱིས་འགྲོ་སྲོལ་ཡོད་པས། དེང་རབས་ཚན་རིག་དང་ལྷན་ལས་སླ་བོའི་སྒོ་ནས་འགྲོ་ཐུབ་ཀྱི་ཡོད་ཅེས། ༧གོང་ས་མཆོག་གིས་སློབ་ཕྲུག་ཁག་ཅིག་ལ་བཀའ་སྩལ་ཡོད་པ།

2023.06.15
བོད་ཀྱི་ནང་ཆོས་ནི་ཚད་མ་རིག་པ་དང་རིགས་ལམ་ཟུང་འབྲེལ་གྱིས་འགྲོ་སྲོལ་ཡོད་པས། དེང་རབས་ཚན་རིག་དང་ལྷན་ལས་སླ་བོའི་སྒོ་ནས་འགྲོ་ཐུབ་ཀྱི་ཡོད་ཅེས། ༧གོང་ས་མཆོག་གིས་སློབ་ཕྲུག་ཁག་ཅིག་ལ་བཀའ་སྩལ་ཡོད་པ། གུ་རུ་ཀུལ་ལས་རིམ་ནང་ཆ་ཤས་ལེན་མཁན་རྒྱ་གར་དང་བོད་མི་མཐོ་སློབ་སློབ་ཕྲུག་ཁག་ཅིག་ལ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ། སྤྱི་ཟླ་༦པའི་ཚེས་༡༥ཉིན་མཇལ་ཁ་བཀའ་སློབ་སྩལ་ཡོད་པ།
OHHDL

གུ་རུ་ཀུལ་ལས་རིམ་ནང་ཆ་ཤས་ལེན་མཁན་རྒྱ་གར་དང་བོད་མི་མཐོ་སློབ་སློབ་ཕྲུག་ཁག་ཅིག་ལ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སྤྱི་ཟླ་༦པའི་ཚེས་༡༥ཉིན་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་ནི་ཚད་མ་རིག་པ་དང་རིགས་ལམ་ཟུང་འབྲེལ་གྱིས་འགྲོ་སྲོལ་ཡོད་པས། དེང་རབས་ཚན་རིག་དང་ལྷན་ལས་སླ་བོའི་སྒོ་ནས་འགྲོ་ཐུབ་ཀྱི་ཡོད་ཅེས་བཀའ་སྩལ་གནང་སོང།
ནང་པའི་ཆོས་ལས་བོད་བརྒྱུད་ནང་བསྟན་ནི་རྒྱ་ཆེ་དང་གཏིང་ཟབ་ཤོས་ཆགས་ཀྱི་ཡོད་པ་དང་། ང་ཚོས་རྟག་པར་རིགས་པའི་ལམ་ནས་བརྟག་དཔྱད་བྱ་སྲོལ་ཡོད་པ་རེད། དེང་སང་ཆོས་རྒྱུད་འདྲ་མིན་གྱི་མི་ཚོར་ཐུག་སྐབས་ངོས་ནས་རྟག་པར་གུས་བརྩི་བྱེད་ཀྱི་ཡོད། རྒྱུ་མཚན་ངོས་ཀྱི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ཆོས་ལུགས་ཁག་མཐུན་སྒྲིལ་ལ་དམིགས་ཡོད་པས་ཡིན། ང་ཚོ་བོད་ཀྱི་ནང་པ་ཚོས་ཆོས་དད་དང་ཚད་མ་རིག་པ་ཟུང་འབྲེལ་གྱི་སྒོ་ནས་འགྲོ་སྲོལ་ཡོད་པས། སངས་རྒྱས་ཉིད་ཀྱི་གསུང་ལའང་བརྟག་དཔྱད་བྱེད་པ་ལས། སངས་རྒྱས་ཀྱི་གསུང་ཡིན་པ་ཙམ་གྱིས་ཁས་ལེན་མི་བྱེད་པར་དྲང་དོན་དང་ངེས་དོན་གྱི་དབྱེ་བ་བགར་གྱི་ཡོད་པར་བརྟེན། ངོས་རང་གིས་ཀྱང་བོད་ཀྱི་ལམ་སྲོལ་ལྟར་ཕྲུ་གུ་ལོ་ཆུང་གི་སྐབས་ནས་ཚད་མ་རིག་པར་སློབ་སྦྱོང་བྱས་མྱོང་ལ། ད་ལྟ་བསམ་ན་བོད་ཀྱི་ནང་ཆོས་ནི་ཚད་མ་རིག་པ་དང་རིགས་ལམ་ཟུང་འབྲེལ་གྱིས་འགྲོ་སྲོལ་ཡོད་པ་དེ། དེང་རབས་ཚན་རིག་དང་ལྷན་ལས་སླ་བོའི་སྒོ་ནས་འགྲོ་ཐུབ་ཀྱི་ཡོད་ཅིང་། ཚན་རིག་གིས་བརྟག་དཔྱད་གཟབ་ནན་གྱིས་ར་སྤྲོད་མ་འཕེར་བར་ཁས་ལེན་མི་བྱེད་པ་དང་། བོད་ཀྱི་ནང་པའི་བསམ་བློ་གཉིས་ཀ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་ཅེས་བཀའ་སྩལ་སོང་ལ།

སྐབས་དེར་ནཱལེནྡྲ་གསར་མའི་སློབ་ཆེན་གྱི་སློབ་ཕྲུག་ཨཀྴ་ལགས་ནས་དྲི་བ་ཕུལ་དོན་། མོ་རང་ནཱལེནྡྲ་གསར་མའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས།གནའ་རབས་ཀྱི་ནཱལེནྡྲ་ནི་ཤེས་ཡོན་སློབ་གཉེར་དང་། མིའི་བསམ་བློ་བརྗེ་རེས་ཀྱི་བསྟི་གནས་ཤིག་ཡིན་པའི་ཤུལ་བཞག་ཕྱུག་པོ་དེས་བློ་སྟོབས་འཕེལ་བཅུག་པ་དང་། ༧གོང་ས་མཆོག་གིས་ང་ཚོར་དེང་རབས་ཀྱི་དུས་སུ་ནཱལེནྡྲའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་ཡོང་བར་ལམ་སྟོན་ཅི་ཡོད་ཅེས་དྲི་བ་ཞུས་པར། ༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ལ་སོང་སྟེ་ཉམས་མྱོང་ལེན་དགོས་པ་བཀའ་སྩལ་དོན་། ངོས་ནས་བསམ་ན་བོད་ཀྱི་དགོན་སྡེ་ཆེ་ཁག་རྒྱ་གར་ལྷོ་ཕྱོགས་སུ་བསྐྱར་བཞེངས་བྱས་པ་ཁག་གིས་ནཱལེནྡྲའི་ལམ་སྲོལ་ལག་ལེན་གྱི་བསྟར་གྱི་ཡོད། བོད་མི་ཚོས་མི་ཐོག་མང་པོར་ནཱལེནྡྲའི་ལམ་སྲོལ་ཉམས་མེད་རྒྱུན་འཛིན་བྱེད་ཐུབ་པ་དང་། དེ་ཡང་སངས་རྒྱས་ཀྱི་གསུང་ཙམ་རེད་ཅེས་མ་བཞག་པར། དེ་ལ་ཐོས་བསམ་སྒོམ་གསུམ་བྱས་པར་ངོས་ནས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་ལ་གོ་སྐབས་བྱུང་ན་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས་ཁོང་ཚོས་ཉི་མ་རེ་རེ་བཞིན། འཆད་རྩོད་རྩོམ་གསུམ་གནང་སྟངས་གཟིགས་དང་། ང་ཚོའི་ལམ་སྲོལ་དེ་ངོ་མཚར་ཆེན་པོ་ཡོད་པ་རེད་ཅེས་བཀའ་སྩལ་གནང་གི་འདུག

གཞན་ཡང་སློབ་ཕྲུག་ཅིག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོང་བ་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་བཏབ་གནང་སོང་ལ། དེ་ལ་༧གོང་ས་མཆོག་གིས་ཁོང་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་རིང་བཞུགས་ཐག་ཆོད་ཡིན་པ་བཀའ་གནང་གི་འདུག ངོས་ནས་རྟག་པར་བོད་ལུགས་དང་ཕྱི་ལུགས་གཉིས་ཀའི་སྨན་པ་བསྟེན་བཞིན་པའི་ཁར། ཁོ་གཉིས་ཀས་ངོས་ཀྱི་ལུས་པོ་ཧ་ཅང་བདེ་ཐང་རེད་ཅེས་བཤད་སོང་བས། ངོས་རང་ད་དུང་ལོ་བཅོ་ལྔ་ཉི་ཤུའི་རིང་འཚོ་རྒྱུར་དྲི་བ་ཅི་ཡང་མེད། ངོས་ཀྱི་ལུས་ཀྱི་གནས་སྟངས་གང་འཚམས་མཁྲེགས་པོ་ཡོད་པས། དགོས་གལ་བྱུང་ན་ཁུ་ཚུར་ཀྱང་བཞུས་ཐུབ་ཀྱི་ཡོད་ཅེས་སྐུ་རྩེད་གནང་གི་འདུག

ལོ་རེ་བཞིན་ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་སྟེ། རྒྱ་གར་དང་བོད་མི་སློབ་ཕྲུག་མཐོ་སློབ་མཐར་ཕྱིན་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་།༧གོང་ས་མཆོག་གི་དགོངས་པ་ཤེས་རྟོགས་ཡོང་ཆེད། གུ་རུ་ཀུལ་Gurukulཞེས་བཞུགས་སྒར་དུ་བསྐོར་བསྐྱོད་ལས་རིམ་ཞིག་གོ་སྒྲིག་གནང་སྲོལ་ཡོད་པ་ལྟར། འདི་ལོའི་གུ་རུ་ཀུ་ལ་ནི་བསྐོར་ཐེངས་༢༧པ་དེ་ཆགས་ཡོད་པ་རེད།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎