ཨི་སི་རལ་ནས་ཡིན་པའི་དད་ལྡན་པ་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་དབུས་ཤར་ཨེ་ཤེ་ཡའི་གནས་སྟངས་བཟང་དུ་འགྲོ་རྒྱུར་ཐུགས་སྨོན་ཡོང་བའི་གསོལ་འདེབས་ཞུས་འདུག
ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་མཛད་ཅིང་། འདི་གར་མཇལ་ཁ་གྲུབ་མཚམས་སུ་ཨི་ཛཱ་རལ་རྒྱལ་ཁབ་ནས་ཡིན་པའི་བུད་མེད་ ༡༣ ཙམ་ད་ལྟ་ཨི་སི་རལ་རྒྱལ་ཁབ་དུ་དམག་འཁྲུག་ཆེ་བའི་སྐབས་དང་བསྟུན། ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་ཞུ་རུ་ཕེབས་མཁན་ཁོངས། རི་ཀི་ཁོ་ཧན་ལགས་ཀྱིས། ང་ཚོའི་རྒྱལ་ཁབ་ནང་ད་ལྟ་དཀའ་ཚེགས་ཆེ་བའི་དུས་ཚོད་ཅིག་གི་གནས་སྟངས་འགྲོ་བཞིན་པའི་རྐྱེན་གྱིས། ང་ཚོའི་ལུང་པའི་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་མ་ཟད། ཧ་མས་དྲག་སྤྱོད་ཚོགས་པས་ང་ཚོའི་ལུང་པའི་མི་མང་པོ་ཞིག་མི་གཏའ་མིར་འཛིན་བཟུང་གིས་བཀག་ཉར་འོག་ཡོད་པར་བརྟེན། ད་ལྟ་ཉག་ཕྲ་བའི་དུས་ཚོད་འདིར་ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་དགོས་ཀྱི་འདུག་ལ། དེ་རིང་ཆེད་དུ་ང་དང་ལྷན་བུད་མེད་ ༡༣ ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་ཞུ་རུ་བཅར་བ་ཡིན། ང་རང་མགོན་པོ་མཆོག་གི་ཞལ་མཇལ་བྱུང་བའི་སྐབས་ངས་ང་ཚོའི་ལུང་པར་འཕྲད་བཞིན་པའི་དཀའ་རྙོག་གི་བརྒྱུད་རིམ་དང་། ང་ཚོའི་ལུང་པར་འཕྲད་བཞིན་པའི་དམག་འཁྲུག་དེ་བཞིན་མྱུར་དུ་ཞི་བ་དང་ལྷག་པར་དུ་འཛམ་གླིང་ཁྱོན་ཡོངས་ལ་དེ་ལྟ་བུའི་དཀའ་རྙོག་མི་ཡོང་བའི་གསོལ་བ་སྨོན་ལམ་བཏབ་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་མཇལ་བཅར་བའི་ཁྲོད་སོག་ཡུལ་ནས་ཕེབས་པའི་དགུང་ལོ་ ༡༠༢ སོན་པ་ཨ་མ་རིག་འཛིན་ལགས་ཀྱིས། ངོས་རང་ལོ་ ༡༠༢ ཡིན་ལ། ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་ཐེངས་དང་པོ་ཡིན། ལྷག་པར་དུས་ཚོད་འདི་འདྲ་ཞིག་ལ་ང་རང་གི་མི་ཐོག་ལྔ་རིང་གི་མ་བུ་ ༡༧ ཆ་ཚང་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བས། ཧ་ཅང་སེམས་ནང་སྔར་བྱུང་མ་མྱོང་བའི་ཚོར་བ་སྐྱིད་པོ་བྱུང་ལ་སེམས་ཡང་ཧ་ཅང་བདེ་པོ་བྱུང་། ངས་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། མགོན་པོ་གང་ཉིད་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱང་ཐུབ་པའི་སྨོན་ལམ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བཙན་བྱོལ་ནང་གི་བོད་མི་གཞས་པ་བློ་བཟང་ཚེ་བརྟན་ལགས་ཀྱིས་ཀྱང་། དེ་རིང་ཁོང་གིས་ལོ་མང་ནས་རེ་བ་དང་སྨོན་ལམ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དངོས་སུ་ཐོབ་བྱུང་བ་ནི་སོ་སོ་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་དང་། འདི་ལོར་༸སྐུའི་གོ་སྟོན་ཁེལ་ཡོད་པས། སྐབས་དེར་བོད་མི་ཚོས་འཁྲུངས་སྐར་སྲུང་བརྩི་ཙམ་མ་ཡིན་པར་མི་སྒེར་སོ་སོས་༸མགོན་པོ་གང་ཉིད་ཀྱི་བཀའ་དགོངས་ལྟར་རྡོག་རྩ་གཅིག་སྒྲིལ་དང་སེམས་པ་བཟང་པོ་གནང་ཐུབ་ཚེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་ཕྱག་རྟགས་ལེགས་ཤོས་ཤིག་ཆགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་ཐེ་ཝན་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་མི་ཀལ་སི་ཀང་ (Charls Kang) ལགས་ཀྱིས། དེ་སྔ་ང་རང་གསར་འགོད་པ་ཞིག་ཡིན་སྐབས། ངས་མགོན་པོ་མཆོག་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་མྱོང་ཡོད། ཡིན་ནའང་དེ་ལྟ་བུའི་ཕོ་བྲང་ནང་མཇལ་ཁ་བྱུང་བ་ཐེངས་དང་པོ་ཡིན། དེ་རིང་ང་ཚོས་ཐེ་ཝན་གྱི་ཚོང་ལས་ལྷན་ཚོགས་མི་གྲངས་ ༢༥ ལྷག་ཙམ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་ཡོད། ད་ལྟའི་དཀའ་ཚེགས་ཆེ་བའི་འཛམ་གླིང་འདིར་ང་ཚོས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་རྣམས་ཉམས་ལེན་གྱིས། ནང་སེམས་དང་ཕྱིའི་ཁོར་ཡུག་ལ་ཞི་བདེ་བསྐྲུན་ཐབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོ་ཐེ་ཝན་གྱི་མི་རིགས་མང་ཆེ་བ་ནང་པ་ཡིན་ཞིང་། ང་ཚོ་དང་བོད་པའི་བར་འབྲེལ་བ་ཟབ་མོ་ཡོད་ལ། ང་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སླད་དུ་ད་དུང་ཡང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཡོད་ཅེས་གསུང་གི་འདུག
བལ་ཡུལ་ནས་ཡིན་པའི་ཟླ་བ་ཤར་པ་ལགས་ཀྱིས། ང་དང་ངའི་ནང་མི་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་བ་ཡིན། འདི་ལྟ་བུའི་མགོན་པོ་མཆོག་གི་མཇལ་ཁ་རག་རྒྱུའི་རེ་བ་བྱས་མེད་ཀྱང་། དེ་རིང་ང་ཚོ་ནང་མི་ཆ་ཚང་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་སེམས་ནང་དགའ་སྤྲོ་ཆེན་པོ་བྱུང་། ཞེས་འགྲེལ་བརྗོང་གནང་གི་འདུག
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངལ་འཛེམ་མེད་ཀྱིས། འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་ཕྱི་ནང་གི་དད་ལྡན་པ་མང་དག་ཅིག་ལ་མུ་མཐུད་དེ་མཇལ་ཁ་གནང་བཞིན་ཡོད་པས། ཐེངས་འདིའི་མཇལ་ཁའི་ཁྲོད་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༤༠༠ ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།