༧གོང་ས་མཆོག་དང་འཇའ་མུ་ཀ་ཤེ་མིར་མངའ་སྡེའི་སྲིད་སྐྱོང་མཆོག་མཇལ་འཕྲད།
2018.07.10
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཇའ་མུ་ཀ་ཤེ་མིར་མངའ་སྡེའི་སྲིད་སྐྱོང་མཆོག་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་འདི་གའི་ལས་ཁུངས་ནས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་སྐོར་བཀའ་འདྲི་ཞུས་པའི་སྐབས་། འདི་ཚེས་༡༠་གཟའ་མིག་དམར་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཇའ་མུ་ཀ་ཤེ་མིར་མངའ་སྡེའི་སྲིད་སྐྱོང་འམ་(Governer) མཆོག་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་ཡོད་པའི་སྐབས་འབྲེལ་ཡོད་ཐོག་ནས་ལ་སྤྱི་བཅར་རྒྱུའི་གོ་སྐབས་བྱུང་བས་མ་ཟད་རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུའི་སྲིད་བྱུས་དེ་བཞིན་མངའ་སྡེ་ཁག་ཅིག་ནས་དངོས་སུ་ལག་ལེན་འགེལ་རྒྱུའི་ཞལ་བཞེས་གནང་ཡོད་ནའང་ད་བར་འཇའ་མུ་ཀ་ཤི་མིར་མངའ་སྡེའི་ངོས་ནས་གནང་མེད་སྟབས་གནད་དོན་དེའི་སྐོར་ཞབས་སྐུལ་ཞུས་གནང་ཡོད་པ་སོགས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གྲོས་མོལ་ལྷུག་པོ་བྱུང་གནང་ཡོད་ལུགས་གསུངས་ཀྱི་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་གསུམ་ཉིན་ལ་དྭགས་སུ་ཞབས་སོར་འཁོད་གནང་གིས། ཚེས་༦་ཉིན་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་དབུ་བཞུགས་གནང་ཡོད་པ་དང་མཛད་རིམ་སྔོན་འཆར་ལྟར་ན། ལ་དྭགས་ཁུལ་ཚེས་ཉེར་གཅིག་བར་བཞུགས་རྒྱུ་ཡིན་ནའང་ཕྲན་བུའི་འཕར་འགྱངས་ཀྱིས་ཟླ་མཇུག་བར་བཞུགས་རྒྱུ་ཡིན་འདུག
སང་ཉིན་ཚེས་བཅུ་གཅིག་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནུབ་རྭ་ཁུལ་ཆིབས་བསྒྱུར་གྱིས་ཁུལ་དེར་ཚེས་བཅུ་བདུན་བར་བཞུགས་རྒྱུ་ཡིན་པ་མ་ཟད་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་སོགས་སྩལ་གནང་རྒྱུ་ཡིན་འདུག དེ་ནས་སླེ་རུ་ཕྱིར་ཕེབས་ཀྱིས་སྐུ་ངལ་གསོས་གནང་ཏེ་རིམ་པས་ཟང་དཀར་དང་དཀར་དཀྱིལ་བཅས་པར་ཆིབས་བསྒྱུར་གནང་ཏེ་ཆོས་འབྲེལ་དང་མང་ཚོགས་ལ་མཇལ་ཁ་སོགས་གྲུབ་མཚམས་སླར་ཡང་སླེ་རུ་ཕྱིར་ཕེབས་ཀྱིས་ཉིན་གྲངས་གསུམ་ཙམ་རིང་གསུང་ཆོས་སྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་ཀྱང་། ཆིབས་བསྒྱུར་བསྐྱངས་ཡུལ་དེ་དག་ལུང་ཁུག་དང་ས་མཐོའི་རྐྱེན་པས་གནམ་གཤིས་དང་ཕེབས་ལམ་སོགས་མང་པོ་ཞིག་ལ་བསྟུན་གནང་དགོས་ཀྱི་ཡོད་པའི་ཆ་ནས་མཛད་འཆར་ལ་ཕྲན་བུའི་འགྱུར་བ་འགྲོ་སྲིད་པའི་ཚོད་དཔག་གནང་གི་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།