༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་ཆིབས་ཐོན་མཛད་སྐབས་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་མཛད་ཡོད་པ་ལྟར། མ་འོངས་པར་མགོན་པོའི་ཞལ་མཇལ་ཡོང་བའི་རེ་བ་ཡོད་པ་བཀའ་གནང་འདུག

2025.03.18
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་ཆིབས་ཐོན་མཛད་སྐབས་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་མཛད་ཡོད་པ་ལྟར། མ་འོངས་པར་མགོན་པོའི་ཞལ་མཇལ་ཡོང་བའི་རེ་བ་ཡོད་པ་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་སྡོམ་པ་སྩལ་བ། ༢༠༢༥།༠༣།༡༨
OHHDL

ཕྱི་ཟླ་ ༣ པའི་ཚེས་ ༡༨ རེས་གཟའ་མིག་དམར་གྱི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བསྒྲུབ་བྱ་ ༤༦ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་དང་འབྲེལ། མགོན་པོ་མཆོག་ལྷ་སའི་ནོར་བུ་གླིང་ཁ་ནས་རྒྱ་གར་ལ་ཆིབས་ཞལ་མ་འགྱུར་གོང་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་མཛད་ཡོད་པ་དང་། མ་འོངས་པར་ཡང་མགོན་པོ་ཕྱག་དྲུག་གི་ཞལ་མཇལ་གྱི་རེད་ཅེས་བཀའ་སྩལ་གནང་མཛད་འདུག

དེ་ཡང་དེ་རིང་དགེ་སློང་སྒྲུབ་མཁན་གྱི་ཁྲོད་འབྲས་སྤུངས་བློ་གསལ་གླིང་གི་དགེ་སློང་འཇམ་དཔལ་ཆོས་སྐྱོངས་ལགས་ཀྱིས། ཁོང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་གྲྭ་མཐར་ཕྱིན་རྗེས་གདན་ས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་བཞུགས་ཀྱིས། ད་ལྟའི་འཆར་ཕར་ཕྱིན་སྐབས་ལྔ་པར་སློབ་གཉེར་གནང་བཞིན་ཡོད་པ་དང་། དེ་རིང་འདིར་ཁོང་རང་ཉིད་ཀྱི་འདོད་པ་བཞིན་བསྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་པར་ཕེབས་ཡིན་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་དགུང་ལོ་མཐོ་པོར་ཕེབས་ནས་དགེ་སློང་གི་སྡོམ་པ་སྩལ་གནང་བ་ནི་ཧ་ཅང་གི་རྩ་ཆེན་པོ་ཡིན་ལ། དེ་རིང་དགེ་སློང་སྒྲུབ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནོར་བུ་གླིང་ཁ་ནས་རྒྱ་གར་དུ་ཆིབས་ཞལ་མ་སྒྱུར་གོང་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་གནང་ཡོད་པ་བཞིན། མ་འོངས་པར་སླར་ཡང་མགོན་པོ་ཕྱག་དྲུག་གི་ཞལ་མཇལ་རྒྱུ་ཡོང་གི་རེད་ཅེས་བཀའ་སློབ་སྩལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་མོན་ཏ་དབང་ནས་ཡིན་པའི་དཔལ་ལྡན་སྒོ་མང་གྲྭ་ཚང་གི་དགེ་སློང་ཉི་མ་རྒྱ་མཚོ་ལགས་ཀྱིས། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་རྒྱུ་བྱུང་བ་ཧ་ཅང་གི་བསྐལ་བ་བཟང་པོ་ཚོར་བྱུང་བ་ལ། དེ་ནི་ལས་རྒྱུ་འབྲས་ཡག་པོ་བསག་པའི་དབང་གིས་ཡིན་པ་དང་། མགོན་པོ་མཆོག་ནས་གདུལ་བྱ་ཐམས་ཅད་ལ་ཕན་པའི་ལས་སྒྲུབ་དགོས་ཞིང་། སློབ་སྦྱོང་ལེགས་གནང་དགོས་ལ། ལྷག་པར་དུ་ཚན་རིག་ལ་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་ཡོད་སྐོར་གསུངས་བྱུང་།

གཞན་ཡང་དགེ་སློང་ངག་དབང་ཀླུ་སྒྲུབ་ལགས་ཀྱིས། ཁོང་གིས་གསོལ་བ་བཏབ་པ་བཞིན་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་ཧ་ཅང་གི་སྐལ་བ་བཟང་པོ་བྱུང་སོང་བ་དང་། ཁོང་ནས་འགྲོ་བ་སེམས་ཅན་གྱི་དོན་དུ་ཕན་པ་གང་ཐུབ་བྱ་རྒྱུའི་ཀུན་སློང་འོག་ནས་དགེ་སློང་སྒྲུབ་པ་ཡིན་སྐོར་གསུངས་བྱུང་། 

གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་བོད་ཀྱི་ལོ་གསར་རྗེས་ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་འདུན་པ་ ༢༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། ཟླ་བ་འདིའི་ཚེས་ ༢༢ ཉིན་དགེ་ཚུལ་གི་སྡོམ་པ་སྩལ་གནང་རྒྱུ་རེད་འདུག །

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎