༧གོང་ས་མཆོག་གིས་གསུང་བ་བཞིན་ནང་སེམས་ཞི་བདེ་བརྒྱུད། ཕྱིའི་མཐའ་འཁོར་གྱི་མི་ཚང་མ་ལའང་ཞི་བདེ་བསྐྲུན་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཞིག་གིས་གསུངས།

2022.10.07
༧གོང་ས་མཆོག་གིས་གསུང་བ་བཞིན་ནང་སེམས་ཞི་བདེ་བརྒྱུད། ཕྱིའི་མཐའ་འཁོར་གྱི་མི་ཚང་མ་ལའང་ཞི་བདེ་བསྐྲུན་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཞིག་གིས་གསུངས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ཟླ་༡༠པའི་ཚེས་༧ཉིན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་གནང་མཁན། Rajni་Basumataryལགས་དང་Jani Viswanathལགས་སུ་མཇལ་ཁ་སྩལ་པ།
Photo: RFA

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ཟླ་༡༠པའི་ཚེས་༧ཉིན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས་རྒྱ་གར་གྱི་གློག་བརྙན་གྲགས་ཅན་Mary་Komཞེས། འཛམ་གླིང་བུད་མེད་ཀྱི་ཁུ་ཚུར་དྲག་རྩལ་རྩེད་འགྲན་ཁྲོད། ཐེངས་མ་དྲུག་ལ་ཨང་དང་པོ་ཐོབ་པའི་རྒྱ་གར་གྱི་རྩེད་འགྲན་པ་མཱ་རེའེ་ཀོམ་གྱི་ལོ་རྒྱུས་གློག་བརྙན་ནང་། ཁུ་ཚུར་རྩེད་འགྲན་པ་མཱ་རེའེ་ཀོམ་གྱི་སྐྱེད་མ་འཁྲབ་སྟོན་གནང་མཁན། Rajni་Basumataryལགས་སུ་མཇལ་ཁ་སྩལ་ཡོད་ཅིང་། མོ་རང་གིས་༸རྒྱལ་བ་རིན་པོ་ཆེས་གསུང་བ་བཞིན་ནང་སེམས་ཞི་བདེ་བརྒྱུད། ཕྱིའི་སོ་སོའི་མཐའ་འཁོར་གྱི་མི་ཚང་མ་ལའང་ཞི་བདེ་བསྐྲུན་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

མོ་རང་༸གོང་ས་མཆོག་ལ་མཇལ་བ་ཐེངས་མ་གསུམ་པ་དེ་ཡིན་པས་ཧ་ཅང་དགའ་སྤྲོ་བྱུང་བ་དང་། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནི་དེང་སང་གི་འཛམ་གླིང་ལ་དགོས་མཁོ་ཆེ་ཤོས་ཀྱི་ནང་སེམས་ཀྱི་ཞི་བདེ་དེ་རེད། ང་རང་དགའ་ཤོས་དང་མིག་ལྟོས་ཆེ་ཤོས་བྱེད་ས་ནི། ༸རྒྱལ་བ་རིན་པོ་ཆེས་གསུང་བའི་ནང་སེམས་ལ་བལྟས་ནས་འཚོལ་ཞིབ་བྱེད་པ་དེ་ཧ་ཅང་ངོ་མཚར་ཆེན་པོར་མཐོང་བས། ང་རང་ག་དུས་ཁོང་དང་མཇལ་ན་སེམས་ནང་ཞི་བདེའི་ཚོར་སྣང་ཡོང་གི་འདུག། ང་ཚོས་ཁོང་གིས་གསུང་བའི་སོ་སོའི་སེམས་ཀྱི་ཞི་བདེ་བརྒྱུད། མཐའ་འཁོར་གྱི་མི་ལའང་ཞི་བདེ་བསྐྲུན་ཐབས་འཆད་བཞིན་པ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་དང་འཁྲབ་འཁྲིད་བཟོ་སྐྲུན་པ་Rajni་Basumataryལགས་ནི། རྒྱ་གར་ཨ་སམ་མངའ་སྡེའི་ནང་སྐྱེས་འཚར་བྱུང་བ་ཞིག་ཡིན་ཅིང་། མོ་རང་གིས་སྤྱི་ལོ་༢༠༡༤ལོར་འཁྲབ་ཁྲིད་ཀྱི་རཱ་གྷི་ཟེར་བའི་མུ་འབྲེལ་གློག་བརྙན་དང་། སྤྱི་ལོ་༢༠༡༩ལོར་འཁྲབ་ཁྲིད་ཀྱི་སོན་རྩ་ཟེར་བ་སོགས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཚང་མའི་ནང་གཟིགས་འབུལ་གནང་གི་ཡོད་པ་རེད།

གཞན་ཡང་དེ་དང་ཆབས་ཅིག་རྒྱ་གར་དང་ཁན་ཡ། བྷངྒལ་བཅས་རྒྱལ་ཁབ་གསུམ་གྱི་ནང་རོགས་ཕན་ལས་དོན་གནང་མཁན། Healing་livesཟེར་བའི་གཞུང་འབྲེལ་མིན་པའི་ཚོགས་པ་གསར་འཛུགས་མཁན། Jani Viswanathལགས་སུའང་མཇལ་ཁ་གནང་ཡོད་པས། མོ་རང་གི་མི་ཚེའི་ནང་ཉི་མ་འདི་ངོ་མཚར་ཆེ་ཤོས་སུ་བརྩིས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ང་རང་ལོ་བཅུ་དྲུག་ཙམ་གྱི་སྐབས་ནས་བཟུང་༸རྒྱལ་བ་རིན་པོ་ཆེར་ཡི་རངས་བྱེད་མཁན་ཞིག་ཡིན་པས། ངས་ལས་ཀ་ཅི་བྱས་ཀྱི་ཐོག་ཁོང་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་མ་ཟད། ད་ལྟ་ང་རང་གིས་བྱེད་བཞིན་པའང་སོ་སོའི་སྤྱི་ཚོགས་ལ་དྲིན་ལན་གསབ་པར་ངོས་འཛིན་གྱིས། ༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ཅི་བསྐྱངས་རིན་ཐང་ཆེན་པོར་བརྩིས་ཀྱི་ཡོད། ངའི་རེ་བར་སོ་སོས་༸རྒྱལ་བའི་མཛད་པ་ལ་ལད་ཟློས་ཀྱིས་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་བཅས་ཀྱི་ས་མཚམས་མེད་པར་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་ལྷོ་ཕྱོགས་སུ་སྐྱེས་པ་Janiviswanathལགས་ནས། རྒྱ་གར་དང་ཁཱན་ཡ། བྷངྒལ་བཅས་ཀྱི་ནང་ཞིང་ལས་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་རོགས་ཕན་ལས་དོན་གནང་བཞིན་པ་མ་ཟད། ཏོག་དབྱིབས་ནད་ཡམས་སྐབས་ནས་ངལ་སེལ་རོགས་སྐྱོར་ལས་དོན་ཀྱང་གནང་གི་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎