༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭའི་དགེ་འདུན་པ་བགྲེས་པ་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོར་མཇལ་ཁ་སྩལ་བའི་སྐབས་ལས་སྨོན་དབང་གིས་༸རྒྱལ་བའི་ཞབས་ཞུ་བསྒྲུབ་རྒྱུ་བྱུང་བ་སྐལ་བ་བཟང་པོ་ཡིན་པ་བཀའ་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བགྲེས་པ་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོར་མཇལ་ཁ་སྩལ་བ་དང་འབྲེལ། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱིས་ཞབས་ཕྱི་ཞུ་རྒྱུའི་བསྐལ་བ་བྱུང་བ་ཡོད་པ་བཞིན། འབྱུང་འགྱུར་ཡང་ཚེ་རབས་མང་པོར་༸རྒྱལ་བའི་ཞབས་ཕྱི་སྒྲུབ་ཐུབ་པའི་སྨོན་ལམ་ཡོད་ཅེས་བཀའ་སྩལ་འདུག
ཉེ་ལམ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་འཕྲོས་སྐྱོང་དུ། བརྟན་བཞུགས་འབུལ་མཁན་གྱི་རྣམ་གྲྭ་ཟུར་པ་རྣམས་ལ་མཇལ་ཁ་སྔོན་སོང་བཞིན། ཕྱི་ཟླ་ ༣ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོར། བོད་ཀྱི་བླ་ན་མེད་པའི་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམ་པ་དང་། ཁོང་ཚོའི་ནང་མི་དང་བཅས་པར་མཇལ་ཁ་སྩལ་གནང་མཛད་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱི་གྲྭ་ཚང་ཡིན་ཞིང་། ང་ཚོ་ཐག་ཉེ་ཤོས་ཤིག་ཡིན་པས་ཁོང་རྣམས་ལ་འཚམས་འདྲི་ཡོད་ཅེས་བཀའ་གནང་བ་དང་། ཐེངས་འདིའི་མཇལ་ཁའི་ཁྲོད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྒན་པ་ཁྱོན་ ༡༧༠ ལྷག་ལ་མཇལ་ཁར་བཅར་ཐུབ་ཡོད་པས། མཇའ་ཁ་དེ་བསམ་གྱིས་མི་ཁྱབ་པའི་བསྐལ་བཟང་དུས་བཟང་ཞིག་བྱུང་ཡོད་པའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཀྱང་། ཐེངས་འདིའི་མཇལ་ཁ་དེ་ནི་དམིགས་བསལ་དེ་སྔ་ཟླ་འདིའི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན། དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོ་དང་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྒན་པ་ལྷག་འཕྲོ་རྣམས་ལ་མཇལ་ཁ་སྩལ་གནང་ཡོད་པ་ཞིག་དང་། མཇལ་ཁའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམས་ནི། ཚེ་རབས་ནས་ཚེ་རབས་སུ་ལས་དང་སྨོན་ལམ་གྱི་དབང་གིས་ཞབས་ཕྱི་ཞུ་རྒྱུའི་བསྐལ་བ་ལྡན་ཡོད་པ་བཞིན། འབྱུང་འགྱུར་ཀྱང་ཚེ་རབས་མང་པོར་༸རྒྱལ་བའི་ཞབས་ཕྱི་སྒྲུབ་ཐུབ་པའི་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ནས་ཚུར་བཞུགས་སྒར་དུ་ཆིབས་སྒྱུར་གྲུབ་པ་ནས་བཟུང་། བདུན་རེའི་ནང་གི་འཆར་ཅན་དུས་བཅད་བཞིན། ཕྱི་ནང་གི་མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་པ་ཚོར། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མཇལ་ཁ་ཆད་མེད་དུ་གནང་གི་ཡོད་པར་བརྟེན། བཞུགས་སྒར་དུ་དེང་སང་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་སེར་སྐྱ་ཕོ་མོ་མང་པོ་ཞིག་འདུ་འཛོམས་བཞིན་ཡོད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།