བོད་རྒྱ་འབྲེལ་མོལ་ཐོག་སྐུ་ཚབ་རྣམ་པ་བློ་ཁ་མ་ཚིམས་པ་བྱུང་བ།

བོད་རྒྱ་འབྲེལ་མོལ་ཐོག་ནས་སྐུ་ཚབ་རྣམ་པ་བློ་ཁ་མ་ཚིམས་པ་བྱུང་བ་དང་ཡར་རྒྱས་ཀྱི་གྲུབ་འབྲས་དམིགས་བསལ་བྱུང་མེད་པ་གསལ་བཤད་གནང་འདུག

2008.07.05

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་ ཉེ་ཆར་པེ་ཅིང་དུ་བསྐྱངས་པའི་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་འདིའི་ཐོག་ནས་སྐུ་ཚབ་རྣམ་པ་བློ་ཁ་མ་ཚིམས་པ་བྱུང་བ་འགྲེལ་བརྗོད་གནང་སྟེ་ ཡར་རྒྱས་ཀྱི་གྲུབ་འབྲས་དམིགས་བསལ་བྱུང་མེད་པ་གསལ་བཤད་གནང་ཡོད་པ་རེད་

དེ་རིང་ཕྱི་ཟླ་བདུན་པའི་ཚེས་ ༥ ཉིན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱི་མཚན་ཐོག་ནས་དབྱིན་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང་ ཕྱི་ཟླ་བདུན་པའི་ཚེས་ ༡ ཉིན་སྐུ་ཚབ་རྣམ་པས་ རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གི་བློན་ཆེན་དང་ རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ ཏུའུ་ཆིང་ལིན་དང་མཇལ་འཕྲད་གནང་འདུག་པ་དང་ སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱི་དབུ་འཁྲིད་པའི་བོད་པའི་སྐུ་ཚབ་རྣམ་པའི་ངོས་ནས་གོ་སྐབས་འདི་བཟུང་གནང་སྟེ་ ཉེ་ཆར་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་གཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་བའི་གནད་དོན་ཐད་ཐུགས་གསོ་ཞུས་པ་དང་སྦྲགས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ བོད་རྒྱའི་དཀའ་རྙོག་སེལ་བའི་དགོངས་གཞི་ཇི་ཡིན་གསལ་བཤད་ཀྱང་གནང་ཡོད་འདུག

སྐུ་ཚབ་རྣམ་པའི་གྲོས་མོལ་ལྟེ་བ་དེ་ ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་བློན་ཆེན་གཞོན་པ་ཀྲུ་ལྦེ་ཅིན་དང་ བློན་ཆེན་གཞོན་པ་བོད་རིགས་སྲིད་མཐར་ལགས་རྣམ་གཉིས་དང་གནང་ཞིང་ སྐུ་ཚབ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ཐོག་ནས་སེལ་ཐབས་གནང་རྒྱུར་འབད་བརྩོན་མཐའ་གཅིག་ཏུ་གནང་བཞིན་པ་གསལ་བཤད་གནང་པ་དང་སྦྲགས་ ད་ཆ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ནས་ཀྱང་བློ་འཚབ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་འདུག

ལྷག་པར་དུ་སྐུ་ཚབ་རྣམ་པའི་ངོས་ནས་ ཉེ་ཆར་བོད་ནང་གི་གནས་ཚུལ་བྱུང་བ་ཁག་ནས་ བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་བཟུང་བའི་སྲིད་བྱུས་ལ་ཞེ་ཐག་པ་ནས་མི་འདོད་པ་ཡོད་པ་དེ་གསལ་སྟོན་བྱས་ཡོད་པ་གསལ་བཤད་གནང་འདུག་པ་དང་ ཐེངས་འདིའི་གྲོས་མོལ་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་འབད་བརྩོན་དང་མཐུན་པའི་བཟང་ཕྱོགས་ཀྱི་ཡ་ལན་ཞིག་གནང་སྟེ་ ངོས་བཟུང་ཐུབ་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་འབྱུང་རྒྱུར་ཐུགས་རེ་གནང་གི་ཡོད་པ་ནན་བརྗོད་གནང་འདུག་ན་ཡང་ རྒྱ་ནག་གི་སྐུ་ཚབ་ཚོའི་ངོས་ནས་དེ་ལྟར་ཡ་ལན་གནང་རྒྱུ་ཕར་བཞག་ མཐའ་ན་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་གྱི་བརྒྱུད་རིམ་འདི་མུ་མཐུད་མཇུག་སྐྱོང་གནང་རྒྱུར་ཆོད་སེམས་ཡོད་པའི་མཉམ་འབྲེལ་གྱི་གསལ་བསྒྲགས་ཤིག་འདོན་རྒྱུའི་བོད་པའི་བསམ་འཆར་ལ་ བྱ་སྤྱོད་དེ་ཁྲིམས་མཐུན་ཆགས་མིན་ཐད་ཚད་ལས་བརྒལ་བའི་བློ་འཚབ་བྱས་ཏེ་ གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུར་མོས་མཐུན་བྱས་མེད་པ་རེད་འདུག དེར་བརྟེན་སྐུ་ཚབ་རྣམ་པའི་ངོས་ནས་ རྒྱ་ནག་གཞུང་གི་སྐུ་ཚབ་ཚོར་ གལ་ཏེ་རྒྱ་ནག་གཞུང་གི་ངོས་ནས་གྲོས་མོལ་ཐོག་ལྷག་བསམ་མེད་པ་དང་ དོ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་མེད་པ་ཡིན་ཚེ་ གྲོས་མོལ་གྱི་བརྒྱུད་རིམ་འདི་མུ་མཐུད་མཇུག་སྐྱོང་བྱ་རྒྱུར་དགོས་གལ་མེད་པ་ཞིག་ཏུ་གཟིགས་ཀྱི་ཡོད་པ་གསལ་བཤད་ཀྱང་གནང་འདུག

དེ་རིང་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་སྐབས་ འདི་ལོ་ཕྱི་ཟླ་བཅུ་པའི་ནང་སླར་ཡང་མཇལ་མོལ་གནང་རྒྱུར་མོས་མཐུན་གནང་ཡོད་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་གསར་འགོད་པར་ཚོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎